ཁྲིམས་ཞིབ་ཁང་འོག་མ།

ཁྲིམས་ཞིབ་ཁང་འོག་མ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཤམ་འོག་ཏུ་ས་གནས་ཁྲིམས་ཞིབ་ཁང་དང༌། སྐོར་སྐྱོད་ཁྲིམས་ཞིབ་ཁང༌བཅས་ཁྲིམས་ཞིབ་ཁང་རིམ་པ་གཉིས་ཡོད།

ཀ) ས་གནས་ཁྲིམས་ཞིབ་ཁང་།

༡) ས་གནས་ཁྲིམས་ཞིབ་ཁང་གསར་འཛུགས་བྱ་ཡུལ་ས་དམིགས་དེ་དག་རེ་རེར་ས་གནས་ཁྲིམས་ཞིབ་ཁང་རེ་འཛུགས་དགོས་སམ། ས་གནས་གཅིག་ལས་མང་བའི་ཚོ་ཁག་རེར་ས་གནས་ཁྲིམས་ཞིབ་ཁང་གཅིག་རེས་འཐུས་པ་བྱ་རྒྱུ། ཡང་ན་ས་གནས་གཅིག་གི་ཁྱབ་ཚད་ལ་སྣོན་འཕྲི་བྱ་རྒྱུ། ས་གནས་ཁྲིམས་ཞིབ་ཁང་གཏན་འཇགས་སམ་འཕྲལ་སེལ་འཛུགས་མ་དགོས་པ་བཅས་གང་རུང་ས་གནས་གང་དེའི་ལས་འབོར་ཆེ་ཆུང་དང༌། སྟབས་བདེ་ལོད། དགོས་མཁོ་ཆེ་ཆུང་ལ་བལྟོས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྐབས་བསྟུན་གྱིས་ཇི་དགོས་ཐག་གཅོད་བྱེད་ཆོག་པ་ཡིན།

༢) ས་གནས་གཞན་དག་ཅིག་གི་ས་གནས་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཞིག་དགོས་གལ་ཁ་ཚ་དགོས་གཏུགས་ཆགས་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ས་གནས་སམ། ས་གནས་ཚོ་ཁག་ཅིག་གི་ཁྲིམས་ཞིབ་པ་ཞིག་ས་གནས་གཞན་པ་དེར་ལས་ཁུར་ཞུ་རྒྱུར་འཕྲལ་སེལ་བསྐོ་གཞག་གམ། བསྐོ་མངགས་བྱེད་ཆོག་པ་ཡིན།

༣) ས་གནས་ཁྲིམས་ཞིབ་ཁང་སོ་སོར་གྱོད་གཞིའི་གཞི་རྒྱར་བསྟུན་ནས་དགོས་གལ་ཆེ་ཆགས་སྐབས་དུས་ཚོད་ངེས་ཅན་རིང་ཁྲིམས་སམ། སྤྱི་ཚོགས། གྱོད་གཞི་བཅས་གང་རུང་གི་འགྲོ་ལུགས་ཐོག་ཤེས་མྱོང་ཅན་གྱི་བཤེར་དཔང་གྲངས་མང་ཚད་གསུམ་ལས་མ་བརྒལ་བ་ཞིག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྐབས་བསྟུན་བསྐོ་གཞག་ཆོག་རྒྱུ།

༤) ས་གནས་ཁྲིམས་ཞིབ་ཁང་སོ་སོར་གྱོད་གཞི་གལ་ཆེའི་རིགས་ཀྱི་ཁྲིམས་ཞིབ་ལ་དགོས་གལ་མཆིས་མཚམས་ས་གནས་སམ། ས་གནས་ཚོ་ཁག་གང་དེའི་ནང་གཏན་སྡོད་བྱེད་མི་བྱུང་ན་དང༌། དེ་མིན་གང་འོས་ཀྱི་ཁོངས་ནས་ཁ་མཆུ་གང་དེར་འབྲེལ་བ་དང་ཕྱོགས་ཞེན་མེད་ཅིང་སྤྱིར་བཏང་གྱོད་གཞིའི་དོན་གནད་ཐོག་ཉམས་མྱོང་ཡོད་པའི་གཟུ་དཔང་གྲངས་མང་མཐར་དགུ་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྱོད་གཞི་གང་དེར་འཕྲལ་སེལ་དགོས་མཁོའི་དུས་ཡུན་རིང་བསྐོ་འཛུགས་ཆོག་པ་ཡིན།

ཁ) ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད།

༡) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། ཁྲིམས་ཡིག ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་གི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང༌།

༢) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང༌། ལས་འགན་ལ་གནོད་འགལ་དང་འབྲེལ་བའི་རྩོད་གླེང༌།

༣) བོད་མིའི་སྒྲིག་འཛུགས་མ་ལག་གི་ལས་བྱེད་པའི་ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང༌།

༤) བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་དང༌། དེ་དག་གི་ལས་བྱེད་པ་ཆེ་ཕྲའི་གཞུང་འབྲེལ་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང༌།

༥) བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ནས་གོ་སྒྲིག་བྱས་པའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་རྩོད་གླེང༌།

༦) བོད་མི་སྒེར་ཕན་ཚུན་དབར་གྱི་རྩོད་གླེང༌།

༧) བོད་མི་སྤྱི་སྒེར་དབར་གྱི་རྩོད་གླེང༌།

༨) བོད་མིའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་འབྲེལ་བའི་རྩོད་གླེང༌།

༩) གཞན་ཡང་བོད་མིའི་ཁྲིམས་སྒྲིག་ཁག་ནང་གསལ་ཁ་མེད་པ་དང༌། བཙན་བྱོལ་དུ་གནས་ཡུལ་རྒྱལ་ཁབ་གང་དེའི་ཁྲིམས་དབང་ཐོག་ནས་ཁས་ལེན་ཡོད་པའམ་དགག་ཆ་མེད་པའི་རིགས།

ག) ས་གནས་ཁྲིམས་ཞིབ་པ།

༡) ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྐྱེ་བོ་སུ་འོས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་གཏན་འཇགས་སམ། འཕྲལ་སེལ་གང་རུང་ཐོག་བསྐོ་གཞག་ཆོག་པ་ཡིན།

༢) ས་གནས་ཁྲིམས་ཞིབ་ཁང་རེ་རེར་ཁྲིམས་ཞིབ་པ་གཅིག་རེ་དགོས་པ་ཡིན།

༣) ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ས་གནས་སོ་སོའི་འགོ་འཛིན་དང༌། གཞན་ཡང་ལས་བྱེད་པ་བཅས་སུ་འོས་ལ་ཁུངས་སོ་སོའི་ལས་འགན་ཇི་ཡོད་ཐོག་དུས་ཚོད་ངེས་ཅན་རིང་ས་གནས་ཁྲིམས་ཞིབ་པའི་འགན་དབང་གཅིག་ལྕོགས་སུ་ཐད་ཀར་བསྐུར་བའམ། ཐད་བསྐོ། ཡང་ན་གཉིས་མོས་ཆོད་གན་བཅས་གང་རུང་གི་ཐོག་ནས་ཁྲིམས་ཞིབ་ཁང་འོག་མའི་ཁྲིམས་ཞིབ་པ་བསྐོ་གཞག་ཆོག་པ་ཡིན།

༤) ས་གནས་ཁྲིམས་ཞིབ་པའི་ཁོངས་ནས་ས་གནས་སོ་སོའི་འགོ་འཛིན་དང༌། དེ་མིན་ལས་བྱེད་པ་ཁག་བཅས་ལ་ས་གནས་ཁྲིམས་ཞིབ་པའི་འགན་དབང་བསྐུར་བ་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱིར་འཐེན་ནམ་འཕོ་འགྱུར་གཏོང་དགོས་མ་བྱུང་ཕྱིན་ཁུངས་སོ་སོའི་འཛིན་སྐྱོང་གི་ལས་འགན་འཕོ་འགྱུར་མ་བྱུང་བར་ས་གནས་དེའི་ཁྲིམས་ཞིབ་པའི་ལས་འགན་འཁུར་དགོས་པ་དང༌། དེ་བྱིངས་ཟུར་འཛུགས་བྱས་པའི་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བྱས་པའི་སྐྱེ་བོ་སུ་རུང་ནས་ཚབས་ཆེའི་ངན་སྤྱོད་སྤེལ་བའམ། རང་ཉིད་ཀྱི་ལས་འགན་མི་ཐེག་པ་བཅས་གང་རུང་ར་འཕྲོད་པའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ལྷན་ཚོགས་སུ་གོ་བསྡུར་དང་འབྲེལ་ཁྲིམས་ཞིབ་པ་ཆེ་བས་ས་གནས་ཁྲིམས་ཞིབ་པ་གང་དེའི་ལས་གནས་འཕོ་འགྱུར་བྱ་དགོས་སམ། དོ་བདག་ནས་དགོངས་ཞུ་བྱས་འཁྲོལ་བཅས་གང་རུང་མ་བྱུང་ཕྱིན་གཏན་འཇགས་དང༌། འཕྲལ་སེལ་ཇི་ཡིན་གྱི་ཞབས་ཡུན་མ་གཙང་བར་ལས་གནས་རྒྱུན་འཛིན་ཆོག་རྒྱུ། འོན་ཀྱང་ཁྲིམས་ཞིབ་ཁང་གཞན་དུ་གནས་འཕོ་དགོས་གལ་བྱུང་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནས་འཕོ་གཏོང་ཆོག

༥) སྐྱེ་བོ་གང་ཞིག་ས་གནས་ཁྲིམས་ཞིབ་པར་བསྐོ་འཛུགས་བྱེད་པ་ལ་བོད་ཀྱི་ཡུལ་མི་ཡིན་པ་དང་། རང་ལོ་ ༣༠ ཧྲིལ་པོ་ལོན་དགོས།

༦) ཟུར་འཛུགས་བྱས་པའི་ས་གནས་ཁྲིམས་ཞིབ་པའི་གནས་རིམ་ལས་བྱེད་འདེམས་བསྐོའི་སྒྲིག་གཞི་ནང་གསལ་དྲུང་ཆེ་ལས་འཕར་གྱི་གནས་རིམ་ཅན་ཡིན།

༧) ས་གནས་ཁྲིམས་ཞིབ་པ་རྣམས་ཀྱི་གདན་ཐོབ། ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་དང༌། ས་གནས་འགོ་འཛིན་གྱི་གོང་དུ་སྡོད་རྒྱུ།

༨) ས་གནས་བཤེར་དཔང་གི་གདན་ཐོབ་ལས་བྱེད་དྲུང་གཞོན་དང་འདྲ་བ་ཡིན།

ང) ས་གནས་ཁྲིམས་ཞིབ་ཁང་གི་ད་ལྟའི་གནས་སྟངས།

༡) བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ནི་ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༡༩ ཉིན་སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་སུ་ཟུར་དུ་བཙུགས་གནང་བ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༦ ཉིན་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ས་ཁོངས་ཁྱབ་ཚད་ཐག་གཅོད་གཏན་འབེབས་གནང་བའི་ནང་། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་ལྡི་ལི་དང༌། ཡུ་པི། ཨུ་ཏར་ཁན། ཧི་མ་ཅལ། ཅན་དྷི་སྒར་སོགས་མངའ་ཁུལ་གྱི་བོད་མིའི་ས་གནས་འགོ་འཛིན་ ༡༨ དང་། ཨ་རི་དང་། སུད་སི། དབྱིན་ལན། ཕ་རན་སི། བྷེལ་ཇེམ། རུ་སོག ཉི་ཧོང་། ཨོ་སི་ཀྲི་ལི་ཡ། ཐའེ་ཝན་སྐུ་ཚབ་དོན་གཅོད་བཅས་ཀྱི་ཁྱབ་ཁོངས་དང་། ཁ་འཐོར་བཅས་རྒྱ་གར་བྱང་ཕྱོགས་ཁུལ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་མི་རྣམས་ཡོད།

དེ་བཞིན་ཤར་ཕྱོགས་ས་གནས་ཁྲིམས་ཁང་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ནས་ཕྱིར་བསྡུ་གནང་གཏན་འཁེལ་བ་ལྟར། ཁྲིམས་ཞིབ་ཁང་འདི་ཡི་ཁྲིམས་ཁུངས་སུ་གནས་པའི་གཤམ་འོག་ས་གནས་ཁག་ཆ་ཏི་སི་སྒར་དང་། ནུབ་བྷང་གྷལ། འབྲས་ལྗོངས། ཨ་རུ་ན་ཅལ། མེ་གྷ་ལ་ཡ། ན་གྷ་ལནྚ་སོགས་མངའ་ཁུལ་གྱི་བོད་མིའི་ས་གནས་འགོ་འཛིན་ ༡༢ ཀྱི་ཁྱབ་ཁོངས་དང་། ཁ་འཐོར་བཅས་རྒྱ་གར་ཤར་ཕྱོགས་ཁུལ་དུ་གནས་འཁོད་བོད་མི་རྣམས་དང་། འབྲུག་དང་བལ་ཡུལ་མངའ་ཁུལ་གྱི་ས་གནས་འགོ་འཛིན་ ༡༡ གི་ཁྱབ་ཁོངས་དང་། ཁ་འཐོར་བོད་མི་རྣམས་ཀྱང་གོང་འཁོད་ཟླ་ཚེས་ནས་བཟུང་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཁུངས་ཁྱབ་ཚད་འོག་གནས་ཡོད།

༢) ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ནི་ཕྱི་ལོ་ ༢༠༠༣ ཟླ་ ༥ ཚེས་ ༡༡ ཉིན་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ཟུར་འཛུགས་གནང་བ་དང་། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་ཀར་ན་ཀྲ་ཀ་དང༌། ཏན་མེལ་ན་རྡུ། གོ་ཝ། མ་ཧ་ར་ཤི་ཀྲ། ཨོ་ལྡི་ཤ ཆ་ཏི་སི་སྒར་སོགས་མངའ་ཁུལ་གྱི་བོད་མིའི་ས་གནས་འགོ་འཛིན་ ༩ ཡི་ཁྱབ་ཁོངས་དང་། ཁ་འཐོར་བཅས་རྒྱ་གར་ལྷོ་ཕྱོགས་དང་དབུས་ཁུལ་དུ་གནས་འཁོད་བོད་མི་རྣམས་ཡོད།

༣) ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་སུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཟུར་འཛུགས་གནང་བ་དེའི་ཁྱབ་ཁོངས་སུ་ཇ་མུ་ཀ་ཤི་སྨིར་མངའ་ཁུལ་དུ་གནས་སྡོད་བོད་མི་ཁ་འཐོར་དང་། ལ་སྤྱིའི་ཁྱབ་ཁོངས་བོད་མིའི་སྡོད་གནས་ཁག་ཡོད།

ཏ) སྐོར་སྐྱོད་ཁྲིམས་ཞིབ་ཁང་།

༡) བཙན་བྱོལ་བོད་མིའི་གནས་ཡུལ་ས་གནས་ཁག་གི་གྱོད་གཞིར་ཁྲིམས་ཞིབ་ཀྱི་ལས་དོན་སྒྲུབ་མཁན་གཏན་འཇགས་སམ། འཕྲལ་སེལ་གྱི་ས་གནས་ཁྲིམས་ཞིབ་ཁང་ཁག་དང༌། དེ་ལས་རིམ་པ་མཐོ་བའི་སྐོར་སྐྱོད་ཁྲིམས་ཞིབ་ཁང་ཁག དེ་དག་གི་ཁྲིམས་ཞིབ་པ་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྐབས་མཚམས་དགོས་གལ་དང་བསྟུན་ཏེ་བསྐོ་འཛུགས་བྱེད་ཆོག་པ་ཡིན།

༢) སྐོར་སྐྱོད་ཁྲིམས་ཞིབ་ཁང་གསར་འཛུགས་བྱ་ཡུལ་ས་ཁུལ་དེ་དག་རེ་རེར་སྐོར་སྐྱོད་ཁྲིམས་ཞིབ་ཁང་རེ་འཛུགས་དགོས་སམ། ས་ཁུལ་གཅིག་ལས་མང་བའི་ཚོ་ཁག་ལ་སྐོར་སྐྱོད་ཁྲིམས་ཞིབ་ཁང་གཅིག་གིས་འཐུས་པ་བྱ་རྒྱུ། ཡང་ན་ས་ཁུལ་གཅིག་གི་ཁྱབ་ཚད་ལ་སྣོན་འཕྲི་བྱ་རྒྱུ། སྐོར་སྐྱོད་ཁྲིམས་ཞིབ་ཁང་གཏན་འཇགས་སམ་འཕྲལ་སེལ་འཛུགས་མ་དགོས་པ་བཅས་གང་རུང་ས་ཁུལ་གང་དེའི་ལས་འབོར་ཆེ་ཆུང་དང༌། སྟབས་བདེ་ལོད། དགོས་མཁོ་ཡོད་མེད་ལ་བལྟོས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྐབས་བསྟུན་གྱིས་ཇི་དགོས་ཐག་གཅོད་བྱེད་ཆོག་པ་ཡིན།

༣) སྐོར་སྐྱོད་ཁྲིམས་ཞིབ་པ་སོ་སོར་གྱོད་གཞིའི་གཞི་རྒྱར་བསྟུན་ནས་དགོས་གལ་ཆེ་ཆགས་མཚམས་དུས་ཚོད་ངེས་ཅན་རིང་ཁྲིམས་སམ། སྤྱི་ཚོགས། གྱོད་གཞི་བཅས་གང་རུང་གི་འགྲོ་ལུགས་ཐོག་ཤེས་མྱོང་ཅན་བཤེར་དཔང་གྲངས་མང་ཚད་གསུམ་ལས་མ་བརྒལ་བ་ཞིག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྐབས་བསྟུན་བསྐོ་གཞག་ཆོག་རྒྱུ།

༤) སྐོར་སྐྱོད་ཁྲིམས་ཞིབ་ཁང་སོ་སོར་གྱོད་གཞི་གལ་ཆེའི་རིགས་ཀྱི་ཁྲིམས་ཞིབ་ལ་དགོས་གལ་མཆིས་མཚམས་ས་གནས་སམ། ས་གནས་ཚོ་ཁག་གང་དེའི་ནང་གཏན་སྡོད་བྱེད་མི་བྱུང་ན་དང༌། དེ་མིན་གང་འོས་ཀྱི་ཁོངས་ནས་ཁ་མཆུ་གང་དེར་འབྲེལ་བ་དང་ཕྱོགས་ཞེན་མེད་ཅིང་སྤྱིར་བཏང་གྱོད་གཞིའི་དོན་གནད་ཐོག་ཉམས་མྱོང་ཡོད་པའི་གཟུ་དཔང་གྲངས་མང་མཐར་དགུ་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྱོད་གཞི་གང་དེར་འཕྲལ་སེལ་དགོས་མཁོའི་དུས་ཡུན་རིང་བསྐོ་གཞག་ཆོག་པ་ཡིན།

ཐ) སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད།

༡) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། ཁྲིམས་ཡིག ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་གི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང༌།

༢) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང༌། ལས་འགན་ལ་གནོད་འགལ་དང་འབྲེལ་བའི་རྩོད་གླེང༌།

༣) བོད་མིའི་སྒྲིག་འཛུགས་མ་ལག་གི་ལས་བྱེད་པའི་ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང༌།

༤) བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་དང༌། དེ་དག་གི་ལས་བྱེད་པ་ཆེ་ཕྲའི་གཞུང་འབྲེལ་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང༌།

༥) སྐོར་སྐྱོད་ཁྲིམས་ཞིབ་ཁང་ལ་ཡོད་པའི་གོང་ཞུའི་ཁྲིམས་ཁོངས་ཁྱབ་ཚད། བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གང་རུང་ཞིག་ནས་མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲ་བཏང་བར། དོ་བདག་གྱོད་ཡས་གོང་ཞུ་བྱ་འདོད་ཡོད་ལ་ཁྲིམས་ལུགས་གཞིར་བཟུང་གོང་ཞུ་བྱ་རྒྱུའི་ཆ་རྐྱེན་ལྡན་རིགས་ཀྱི་གོང་ཞུ་ཁག

༦) སྐོར་སྐྱོད་ཁྲིམས་ཞིབ་ཁང་དུ་དམིགས་བསལ་བདེ་སྙན། ཁྲིམས་ཡིག་ཁག་གི་ནང་ཟུར་དུ་གསལ་བའི་དམིགས་བསལ་བདེ་སྙན་ཞུ་ཆོག་པ་ཁག

ད) སྐོར་སྐྱོད་ཁྲིམས་ཞིབ་པ།

༡) ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྐྱེ་བོ་སུ་འོས་སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་གཏན་འཇགས་སམ། འཕྲལ་སེལ་གང་རུང་ཐོག་བསྐོ་གཞག་ཆོག་པ་ཡིན།

༢) སྐོར་སྐྱོད་ཁྲིམས་ཞིབ་ཁང་རེ་རེར་སྐོར་སྐྱོད་ཁྲིམས་ཞིབ་པ་ཉུང་མཐར་གཅིག་རེ་དགོས་པ་ཡིན།

༣) ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ལས་བྱེད་འདེམས་ལྷན་ཁྱབ་ཁོངས་ལས་བྱེད་པ་ཡིན་མུས་ཤིག་ཟུར་འཛུགས་བྱས་པའི་ས་གནས་ཁྲིམས་ཞིབ་ཁང་དང༌། སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་འབྲེལ་ཡོད་ལ་གོ་བསྡུར་དང་འབྲེལ་བསྐོ་གཞག་བྱེད་ཆོག་པ་ཡིན།

༤) སྐོར་སྐྱོད་ཁྲིམས་ཞིབ་པར་བསྐོ་གཞག་བྱས་པའི་སྐྱེ་བོ་སུ་རུང་ནས་ཚབས་ཆེའི་ངན་སྤྱོད་སྤེལ་བའམ། རང་ཉིད་ཀྱི་ལས་འགན་མི་ཐེག་པ་བཅས་གང་རུང་ར་འཕྲོད་པའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ལྷན་ཚོགས་སུ་གོ་བསྡུར་དང་འབྲེལ་ཁྲིམས་ཞིབ་པ་ཆེ་བས་སྐོར་སྐྱོད་ཁྲིམས་ཞིབ་པ་གང་དེའི་ལས་གནས་འཕོ་འགྱུར་བྱ་དགོས་སམ། དོ་བདག་ནས་དགོངས་ཞུ་བྱས་འཁྲོལ་བཅས་གང་རུང་མ་བྱུང་ཕྱིན་གཏན་འཇགས་དང༌། འཕྲལ་སེལ་གྱི་ཞབས་ཡུན་མ་གཙང་བར་ལས་གནས་རྒྱུན་འཛིན་ཆོག་རྒྱུ། འོན་ཀྱང་ས་གནས་གཞན་དུ་གནས་འཕོ་དགོས་གལ་ནམ་བྱུང་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནས་འཕོ་གཏོང་རྒྱུ།

༥) སྐྱེ་བོ་གང་ཞིག་སྐོར་སྐྱོད་ཁྲིམས་ཞིབ་པར་བསྐོ་འཛུགས་བྱེད་པ་ལ་བོད་ཀྱི་ཡུལ་མི་ཡིན་པ་དང་། རང་ལོ་ ༣༠ ཧྲིལ་པོ་ལོན་དགོས།

༦) སྐོར་སྐྱོད་ཁྲིམས་ཞིབ་པའི་གནས་རིམ་ལས་བྱེད་འདེམས་བསྐོའི་སྒྲིག་གཞི་ནང་གསལ་དྲུང་ཡིག་ཆེན་མོའི་གནས་རིམ་ཅན་ཡིན།

༧) ཟུར་འཛུགས་བྱས་པའི་ས་གནས་ཁྲིམས་ཞིབ་པ་དང༌། སྐོར་བསྐྱོད་ཁྲིམས་ཞིབ་པ་རྣམས་ཀྱི་ཟུར་ཕོགས་དང༌། ལས་ཐོན་ཕོགས། ཐོབ་ཐང་གཞན། བླང་དོར་ཞུ་སྒོ་བཅས་ལས་བྱེད་བླང་དོར་སྒྲིག་གཞི་ལྟར་ཡིན་ཀྱང་། ས་གནས་ཁྲིམས་ཞིབ་པའི་གནས་རིམ་ཐོག་ཟུང་དྲུང་གི་གནས་རིམ་ཅན་དང་། སྐོར་བསྐྱོད་ཁྲིམས་ཞིབ་པའི་གནས་རིམ་ཐོག་དྲུང་འཕར་གནས་རིམ་ཅན་བསྐོ་གཞག་བྱུང་རིགས་ལ་ལས་རྒྱུན་རིང་གནས་རིམ་གོང་མའི་ཕོགས་དང་ཐོབ་ཐང་གཞན་ཞུ་ལེན་ཆོག་རྒྱུ།

༨) སྐོར་སྐྱོད་ཁྲིམས་ཞིབ་པ་རྣམས་ཀྱི་གདན་ཐོབ་ས་གནས་ཁྲིམས་ཞིབ་པའི་གོང་དུ་སྡོད་རྒྱུ།

༩) སྐོར་སྐྱོད་བཤེར་དཔང་གི་གདན་ཐོབ་ལས་བྱེད་ཟུང་འབྲེལ་དྲུང་ཆེ་དང་འདྲ་བ་ཡིན།

(ད་བར་སྐོར་སྐྱོད་ཁྲིམས་ཞིབ་ཁང་འཛུགས་དགོས་བྱུང་མེད།)