འགན་དབང་།

༡) བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་གྱོད་གཏུག་གོང་ཞུ་བྱ་ཡུལ་མཐར་ཐུག་གི་ཁྲིམས་ཞིབ་ཁང་དང༌། བོད་མིའི་ཁྲིམས་དང་ལམ་སྲོལ་རྣམ་པ་འདྲ་མིན་གྱི་ཁྲིམས་ཞིབ་སྟངས་འཛིན་བཀོད་ཁྱབ་ལག་བསྟར་བཅས་བྱ་རྒྱུའི་འགན་དབང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།
༢) ཁྲིམས་ཞིབ་ཁང་ནང་དུ་གཏུག་བཤེར་གྱི་བྱ་རིམ་གང་བྱུང་བ་རྣམས་ཡིག་ཐོག་གམ། སྒྲ་འཛིན་འཕྲུལ་ཆས་གང་རུང་ཐོག་གཏན་འཇགས་སུ་རྩ་འཛིན་ཉར་འཇོག་བྱེད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན།
༣) བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་སྲོལ་གྱི་ཁྲིམས་རྩོད་པ་དང་ལས་བྱེད་པའི་བླང་དོར་སྒྲིག་གཞི། ཁྲིམས་ཞིབ་ཁང་འོག་མ་ཁག་གི་སྒྲིག་གཞི་དང་ལམ་སྟོན་ཇི་དགོས་སྐབས་བསྟུན་བཟོ་འགོད་ཀྱིས་ལག་བསྟར་བྱས་ན་འཐུས་རྒྱུ།
༤) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་ཁག་གཞིར་བཟུང་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས། སྒྲིག་གཞི་བཅས་བཟོ་འགོད་དང་འབྲེལ་གཏན་འབེབས་བྱུང་མཚམས་ནས་ལག་ལེན་བསྟར་རྒྱུའི་དབང་ཆ་ཡོད།
༥) ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གཏན་འཇགས་སམ་འཕྲལ་སེལ་གང་རུང་གི་ཁྲིམས་ཞིབ་ཁང་འོག་མ་ཁག་གསར་འཛུགས་དང༌། ཕྱིར་བསྡུ་བྱ་རྒྱུའི་འགན་དབང་ཡོད།
༦) ཁྲིམས་ཞིབ་ཁང་འོག་མ་རྣམས་དང༌། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང༌། འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང་སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད།
༧) གཞན་ཡང་རང་རེའི་གནས་བབས་ལ་བསྟུན་ཏེ་ཁྲིམས་ཞིབ་བྱེད་འོས་པའམ། རང་རེས་ཁྲིམས་ཞིབ་བྱ་རྒྱུར་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དབང་ཐོག་ནས་དགག་པ་མེད་པའི་སྤྱི་སྒེར་གྱི་རྩོད་གཞི་ཁག་བཅས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་མིའི་ཁྲིམས་དང༌། ལམ་སྲོལ་རྣམ་པ་འདྲ་མིན་གྱི་ཁྲིམས་ཞིབ་དང༌། བཀོད་ཁྱབ་བྱ་རྒྱུ་བཅས་ཀྱིས་མཚོན་གཟུ་གཅོད་བྱ་རྒྱུའི་འགན་དབང་ཡོད།
༨) བོད་ཀྱི་ཡུལ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་བཀོད་འདོམས་བྱ་རྒྱུའི་དབང་ཆ་ཡོད།
༩) བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ལྡན་པའི་སྡེ་ཚན་གསུམ་གྱི་འགན་འཛིན་རྣམ་པ་ལས་ཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་འམ། ལས་ཚབ་ཀྱི་མདུན་སར་ལས་ཁུར་དམ་འབུལ་ཞུ་དགོས་པ་དང་། ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། ཚོགས་གཙོ་ཚོགས་གཞོན་ནས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་ཁུར་དམ་འབུལ་ཞུ་དགོས།