རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཅིག་གི་མི་མང་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་ཀྱི་ལས་གཞི་སྤེལ་གྲུབ།

༄༅། །སྐོར་སྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་མཆོག་དང་བྱང་ཕྱོགས་ས་གནས་ཁྲིམས་དྲུང་བློ་བཟང་ལགས་གཉིས་ནས་ཟླ་འདིའི་ཚེས་ ༥ ནས་ཚེས་ ༡༢ བར་རྒྱ་གར་བྱང་ཤར་བོད་མིའི་གཞིས་ཆགས་བསྟན་འཛིན་སྒང་དང་། མོན་རྟ་དབང་། འབུམ་སྡེ་ལ། ཀ་སྦུག སྒང་ཏོག རྡོར་གླིང་། ར་ཝང་ལ་བཅས་ས་ཁུལ་ཁག་ ༧ གྱི་ལས་བྱེད་དང་། གནད་ཡོད་མི་སྣ། ས་གནས་མི་མང་། རྡོ་གླིང་ཁྱབ་ཁོངས་ཀྱི་སམ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་མཆོག་དང་འཛིན་རིམ་དགུ་པའི་སློབ་མ་ཁག་ཅིག་བཅས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་ཞིག་སྤེལ་ཐུབ་པ་བྱུང་འདུག་པ་དང་། སྐབས་དེར་མི་གྲངས་ ༤༠༥ ནས་མཉམ་བཞུགས་གནང་འདུག དེ་བཞིན་མང་ཚོགས་རྣམས་ལ་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་གཞིར་བཟུང་ཁ་མཆུ་ཞུ་གཏུག་བྱེད་ཕྱོགས་སྐོར་གྱི་འགྲེམ་ཡིག (Pamphlet) གྲངས་ ༣༠༠ ལྷག་བགོ་འགྲེམས་ཞུས་ཐུབ་པ་བྱུང་འདུག

ཁྲིམས་ལུགས་གོ་རྟོགས་ཀྱི་ལས་རིམ་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་།  མང་གཙོ་ཀ་བ་གསུམ་གྱི་ངོ་བོ་དང་འགན་དབང་ངོ་སྤྲོད། མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན། བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་། ངོ་བོ། འགན་དབང་། གྲུབ་ཆ།  སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁ་མཆུ་ཞུ་གཏུག་མ་བྱས་གོང་རང་ངོས་ནས་ཤེས་དགོས་པའི་གནད་དོན་དང་། ཁ་མཆུ་ཞུ་གཏུག་གི་ཞུ་སྙན་འབུལ་སྟངས་དང་། ཐོག་མ་ཁ་མཆུ་ཞུ་གཏུག་གི་བྱ་རིམ། བར་དུ་ཁ་མཆུ་གཏུག་བཤེར་གྱི་བྱ་རིམ། མཐའ་མ་ཁ་མཆུ་ཐག་གཅོད་ཀྱི་བྱ་རིམ་དང་། བཅོས་གསོའི་ཐབས་ལམ་ཇི་ཡོད་སོགས་ཀྱི་གོ་རྟོགས།  སྐབས་མཚམས་སོ་སོར་དྲི་བ་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་ཀྱང་གནང་འདུག་པ་བཅས། །

Previous མན་སྤར་ཕན་བདེ་གླིང་ས་གནས་འཐུས་ཚོགས་སྐབས་ ༨ པའི་ཚོགས་གཞོན་ཚབ་གསར་གྱི་ལས་འཁུར་དམ་འབུལ་དང་། ས་གནས་མི་མང་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་བ།