༄༅། །ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་གི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༠ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་པ་གཞན་གཅིག་གི་ལས་ཁུར་དམ་འབུལ་ཞུས་ཡོད།  སྐབས་དེར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ། བཀའ་བློན་རྣམ་པ།  འོས་བསྡུའི་འགན་འཛིན་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས། སྤྱི་ཁྱབ་རྩིས་ཞིབ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ་ཚོགས་མི་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ། དེ་བཞིན་ཁྱབ་ཁོངས་སྡེ་མཚན་ཁག་གི་འགན་འཛིན་དང་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་།IMG_1592

དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། འདེམས་ཐོན་ཆེས་མཐོའི་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་གིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་ནས་ལས་ཁུར་དམ་འབུལ་ཞུས།IMG_1592

དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་ལ་རྟེན་འབྱུང་མཇལ་དར་སྒྲོན་འབུལ་གནང་བ་དང་འབྲེལ། ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་གིས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་རྗེས་ཚོགས་བཅར་བ་ཡོངས་ལ་རྟེན་འབྱུང་གྲོ་སོ་ཕྱེ་མར་དང་། ཆང་ཕུད། གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ་དམ་འབུལ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།