ཕྱི་ལོ་ ༡༩༤༨ ནས་བཟུང་རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ཀྱི་ས་སྡེ་རིམ་ཟོས་ཀྱིས། ༡༩༥༡ ལོར་དྲག་དཔུང་གི་བཙན་ཤེད་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་དགོས་བྱུང་སྟེ། ལོ་ངོ་བརྒྱད་ཙམ་རིང་བོད་རྒྱ་མཉམ་གནས་ཡོང་ཐབས་མཛད་ཀྱང་། རྒྱ་གཞུང་དབང་འཛིན་པས་གྲོས་མཐུན་གྱི་དོན་ཚན་ཁག་ལ་རྩིས་མེད་དང་། བོད་མིར་དྲག་གནོན། ཆོས་རིག་རྩ་གཏོར་གྱི་སྲིད་ཇུས་འབའ་ཞིག་ལག་བསྟར་བྱས་པ་མ་ཟད། ཐ་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ངན་བསྡོའི་གྲབས་གཤོམ་མངོན་སུམ་དུ་བྱས་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གང་གི་ཕེབས་རྗེས་བསྙེགས་པའི་བོད་མི་ཁྲི་བརྒྱད་ཙམ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་ཡོད།
རང་ཡུལ་བཙན་འཕྲོག་གིས་འཚོ་གནས་ཀྱི་དཀའ་ཚེགས་སྣེ་འཛིང་བའི་སྐྱབས་བཅོལ་བའི་ཁོར་ཡུག་དེ་ལྟ་བུའི་ནང་དུའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བཞེད་སྔོན་ཡོད་ལྟར། བཙན་བྱོལ་བོད་མིའི་ཆབ་སྲིད་དམངས་གཙོ་ཅན་དུ་བསྒྱུར་རྒྱུར་འཕྲལ་མྱུར་ཕྱག་བཞེས་བསྐྱངས་ཡོད།
ཕྱི་ལོ་ ༡༩༦༠ ཟླ་ ༢ ནང་། བཙན་བྱོལ་བོད་མི་རྣམས་ཐེངས་དང་པོར་རྡོ་རྗེ་གདན་དུ་ཚོགས་འཛོམས་སྐབས། ༸གོང་ས་མཆོག་གིས། “བོད་ནང་རང་རེ་སྔ་མའི་གནས་སྟངས་དེ་དག་དང་མ་འདྲ་བའི་ཆོས་སྲིད་གཉིས་ལྡན་གྱི་དམངས་གཙོའི་གཞུང་ཞིག་འཛུགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། མི་དམངས་ཀྱི་ཚབ་བྱེད་ཐུབ་མཁན་དང༌། རྒྱ་ཆེའི་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་བསྐོ་གཞག་བྱས་པའི་མི་དམངས་འཐུས་མིའི་ཚོགས་འདུ་ཞིག་དགོས་ཀྱི་རེད། ཁྱེད་རང་ཚོ་ཕར་ལོག་རྗེས་མང་ཚོགས་ཁྲོད་ནས་ཤེས་ཡོན་ཡོད་པ་དང༌། འཇོན་ཐང་ཡོད་པ། རྒྱལ་ཞེན་ལྷག་བསམ་ལྡན་པ། མང་ཚོགས་ཀྱིས་ཡིད་ཆེས་འཕེར་བའི་མི་འགྲོ་མིང་འདོན་བྱེད་དགོས། གནས་སྐབས་རིང་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང༌། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་འདེམས་དགོས་”ཞེས་བཀའ་སློབ་བསྩལ་དོན་ལྟར། རང་ཁུངས་སོ་སོ་ནས་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་འོས་འདེམས་ཞུས་ཏེ། ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས།
ཕྱི་ལོ་ ༡༩༦༡ ལོའི་ཟླ༌ ༡༠ ཚེས་ ༡༠ ཉིན། མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་འགྲེམས་སྤེལ་དང་། ཕྱི་ལོ་ ༡༩༦༣ ཟླ༌ ༣ ཚེས་ ༡༠ ཉིན། གསུམ་བཅུའི་དུས་དྲན་ཐེངས་བཞི་པའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཡོངས་བསྒྲགས་བསྐྱངས་ཏེ། བཙན་བྱོལ་བོད་གཞུང་འདི་བཞིན་ཁྲིམས་ཀྱིས་དབང་བསྒྱུར་ཕྱོགས་སུ་སྔར་མེད་ཀྱི་གོམ་སྟབས་རླབས་ཆེན་ཞིག་སྤོས་ཡོད།
ཕྱི་ལོ་ ༡༩༨༠ འགོ་སྟོད་ནས་བཟུང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་ལམ་སྟོན་སྔ་རྗེས་ཕེབས་པ་མ་ཟད། འཛིན་སྐྱོང་གི་འགོ་ཁྲིད་སྲིད་བློན་བསྐོ་གཞག་དགོས་མིན་མང་ཚོགས་ལ་བསམ་ཚུལ་དྲི་བསྡུར་སོགས་རིམ་པར་མཛད་དེ། ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༥ ནང་བཙན་བྱོལ་བོད་མིའི་མི་འཐུས་ ༣༦༩ ཙམ་འདུས་པའི་དམིགས་བསལ་ཚོགས་ཆེན་ཐོག་བར་བརྒལ་བཀའ་བློན་འོས་འདེམས་དང་སྤྱི་འཐུས་གྲངས་ཚད་སྤར་ཆ་གནང་རྒྱུ་སོགས་ཀྱི་གྲོས་ཆོད་བཞག་པ་དང་། དེར་མཐུད་༸གོང་ས་མཆོག་གིས་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་ཐད་བསྐོས་བསྐྱངས་ཏེ། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་མཛད་པ་དང་། ཟླ་ ༦ ཚེས་ ༢༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་གསལ་བསྒྲགས་བསྐྱངས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ། མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་ཚང་བ་བཀོད་སྒྲིག་གནང་བའི་ཆ་རྐྱེན་འོག ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་དང་། གཞན་ཡང་རང་དབང་ལྡན་པའི་ལས་ཁང་གསུམ་སྟེ་དབུས་འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གསུམ་བཅོས་སྒྲིག་ཟུར་འཛུགས་བསྐྱངས་པས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་འཐུས་སྒོ་ཚང་ཞིང་། དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་ཐུབ་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བོད་མིའི་སྒྲིག་འཛུགས་དང༌། མི་མང་གི་གནས་སྐབས་དམིགས་བསལ་དགོས་མཁོ་དང་འཚམས་པའི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༢ པའི་ཆ་རྐྱེན་འོག་ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་ཉིད་བཞུགས་སྒར་དྷ་རམ་ས་ལར་དབུ་འཛུགས་གནང་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་ཐོག་མར་དབུ་འཛུགས་གནང་སྐབས་ཁྲིམས་ཞིབ་པ་ཆེ་བ་གཅིག་ལས་མེད་པ་དང། ཕྱི་ལོ་ ༡༩༩༧ ཟླ་ ༠༡ ཚེས་ ༢༩ ཉིན་ཁྲིམས་ཞིབ་པ་གཞན་གཉིས་བསྐོ་གཞག་དམ་འབུལ་མཛད་དེ། ད་ལྟའི་ཁྲིམས་ཞིབ་ཁང་གི་གྲུབ་ཆ་ཚང་བར་བགྱིས་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་གནང་བ་ནས་ཕྱི་ལོ་ ༢༠༠༤ བར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་དེ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་ཐོག་ནས་བསྐོ་གཞག་མཛད་ཡོད།
༢༠༠༤ ལོའི་བཅའ་ཁྲིམས་བསྐྱར་བཅོས་ ༡༥ པར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོ་ནི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་དེ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་ཐོག་ནས་བསྐོ་གཞག་མཛད་ལམ་བཟོས།
༢༠༡༡ ལོའི་བཅའ་ཁྲིམས་བསྐྱར་བཅོས་ ༢༥ པར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་(སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༤ པར་སྲིད་སྐྱོང་ཞེས་བསྐྱར་བཅོས་གཏན་འབེབས་གནང་།)བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་ཞེས་བསྐྱར་བཅོས་གཏན་འབེབས་གནང་།
ཕྱི་ལོ་ ༢༠༡༡ ལོའི་བཅའ་ཁྲིམས་བསྐྱར་བཅོས་ ༢༥ པ་གཏན་འབེབས་མ་གནང་གོང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་བསྐོ་གཞག་མཛད་པའི་སྐྱེ་བོ་དེ་དག་གིས་ལས་ཁུར་དུ་མ་ཞུགས་གོང་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའ་འབུལ་བཞེས་མཛད་སྲོལ་ཡོད་ཀྱང་། བཅའ་ཁྲིམས་བསྐྱར་བཅོས་ ༢༥ པ་གཏན་འབེབས་གནང་རྗེས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་འོས་ཐོན་བྱུང་འཕྲལ་ལས་ཁུར་དུ་མ་ཞུགས་གོང་འཁྱུར་ཉེའི་ཁྲིམས་ཞིབ་པ་ཆེ་བའམ་ལས་ཚབ་ཀྱི་མདུན་དུ་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ། ཁས་ལེན་ཞུ་དགོས། ཁྲིམས་ཞིབ་པ་གཞན་གཉིས་འོས་ཐོན་བྱུང་འཕྲལ་ཁྲིམས་ཞིབ་པ་ཆེ་བའི་མདུན་ལས་ཁུར་དུ་མ་ཞུགས་པའི་གོང་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ། ཁས་ལེན་ཞུ་དགོས་ཞེས་བསྐྱར་བཅོས་གནང་བ་མ་ཟད། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་། སྲིད་སྐྱོང་དང་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་གསུམ་གའི་འགན་འཛིན་དང་ཚོགས་གཙོ། འགན་འཛིན་ལས་འཕར་དང་ཚོགས་མི་བཅས་པས་ཀྱང་ཁྲིམས་ཞིབ་པ་ཆེ་བའམ་ལས་ཚབ་ཀྱི་མདུན་དུ་ལས་འཁུར་དམ་འབུལ་ཞུ་དགོས་པ་ཡིན།( ༢༠༠༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་རྩ་ཁྱབ་བསྒྲགས་གནང་བ་ལྟར། བཅའ་ཁྲིམས་བསྐྱར་བཅོས་ ༢༠ པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་ཁོམ་མ་གྱུར་པའི་སྐབས། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ནས་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པ་གཞན་གང་རུང་གི་མདུན་དུ་ལས་ཁུར་དམ་འབུལ་ལེན་ཆོག་པའི་གཏན་འབེབས་མཛད།)
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༦༧ པར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས། སྒྲིག་གཞི་བཅས་བཟོ་འགོད་ཆོག་པའི་འགན་དབང་ཡོད་ཅེས་གསལ་བའི་དགོངས་དོན་ལྟར། ཕྱི་ལོ་ ༡༩༩༡ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་ཁྲིམས་ཡིག་ཟིན་བྲིས་ཚོགས་ཆུང་ཆེད་འཛུགས་བསྐྱངས་ཏེ། ཁྲིམས་ཡིག་ཟིན་བྲིས་ཚོགས་ཆུང་གི་གཙོ་འཛིན་ཁྲིམས་ཞིབ་པ་ཆེ་བ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་དང༌། ཚོགས་མི་ཁྲིམས་དོན་སློབ་སྟོན་པ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་ནནྡ་བཛྲ་རིན་པོ་ཆེ། དྲུང་ཡིག་ཆེན་མོ་རྣམ་རྒྱལ་ཚེ་རིང༌། དྲུང་ཆེ་ལས་འཕར་བྲེ་སྲང་ཚེ་རིང༌། ཁྲིམས་ལུགས་རིག་པ་བ་ཕུར་བུ་རྡོ་རྗེ། ཟུང་འབྲེལ་དྲུང་ཆེ་ཚེ་རིང་དོན་གྲུབ། དྲུང་ཆེ་གཞོན་པ་བློ་བཟང་རྡོ་རྗེ་བཅས་ཀྱིས་གཙོ་བོ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་གཞིར་བཟུང་ཐོག གནས་ཡུལ་ཕྱིའི་རྒྱལ་ཁབ་སོ་སོའི་ཁྲིམས་དང་མ་འགལ་ཞིང༌། རང་རེ་བཙན་བྱོལ་བོད་གཞུང་མང་སྤྱི་སྒེར་གྱི་གནས་སྟངས་དང་དགོས་མཁོ་སོགས་ལའང་འོས་ཤིང་འཚམས་པ་གཙོ་བཟུང་གིས་ལེགས་ཆ་སྡུད་སྒྲིག་གནང་ཞིང༌། དེ་ཡང་བོད་མིའི་སྲོལ་རྒྱུན་ཁྲིམས་ལུགས་དང༌། འགྲོ་སྟངས། གཞན་ཡང་ཕྱིའི་མང་གཙོའི་རྒྱལ་ཁབ་ཁག་གི་གནའ་དེང་ཁྲིམས་ལུགས་རྩ་འགྲེལ་འདྲ་མིན་གྱིས་གཙོས་འབྲེལ་ཡོད་ཡིག་ཆ་སོགས་ལ་ཞིབ་འཇུག་གིས་ལེགས་ཆ་བླངས་མཐར། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང༌། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཁྲིམས་ཡིག་གསུམ་བཟོ་འགོད་གནང་སྟེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཞུས་དོན་ལྟར། ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༨ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བཀའ་འཁྲོལ་ཕྱག་རྟགས་རིན་པོ་ཆེ་སྩལ་སྨིན་བྱུང་སྟེ་ཁྲིམས་ཡིག་ཏུ་གཏན་ལ་ཕབ་ཡོད།
ཁྲིམས་ཡིག་འདིར་ལེའུ་ ༩ དང༌། ནང་གསེས་དོན་ཚན་ ༨༣ ། ཟུར་སྣོན་ཡིག་ཆ་ ༥ བཅས་ཡོད་པ་དང༌། ཁྲིམས་ཡིག་འདིའི་དོན་ཚན་ཁག་གི་ནང་དོན་གཙོ་བོ་ནི་ཁྲིམས་ཡིག་གི་ཁྱབ་ཚད། ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཁྲིམས་ཞིབ་ཁང་འོག་མ་ཁག་གི་ངོ་བོ་དང༌། གྲུབ་ཆ། འགན་དབང༌། ཁྲིམས་ཁོངས་ཁྱབ་ཚད། ཁྲིམས་ཞིབ་པའི་ཐོབ་ཐང༌། འཛིན་སྐྱོང། ཁྲིམས་ཞིབ་ཁང་གོང་འོག་གི་ལས་བྱེད་བསྐོ་གཞག་བཀོད་སྒྲིག་དང་དེ་དག་གི་བླང་དོར་ཐོབ་ཐང་། ཁྲིམས་འཛིན་ཡར་རྒྱས་ཁང༌། གཏུག་བཤེར་བྱ་རིམ། སྣ་ཚོགས། ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཆ་རྐྱེན་བཅས་ཀྱི་གནད་དོན་ཞིབ་ཕྲ་འཁོད་ཡོད་པ་དང་། ཁྲིམས་ཡིག་འདིར་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༩ བར་བསྐྱར་བཅོས་ཐེངས་ ༨ གནང་ཡོད།
ཁྲིམས་ཡིག་འདིའི་ནང་ལེའུ་ ༡༥ དང༌། ནང་གསེས་དོན་ཚན་ ༨༩ ། ཟུར་སྣོན་ཡིག་ཆ་ ༢༢ བཅས་ཡོད་པ་དང༌། ཁྲིམས་ཡིག་འདིའི་དོན་ཚན་ཁག་གི་ནང་དོན་གཙོ་བོ་ནི་ཁྲིམས་ཡིག་གི་ཁྱབ་ཚད་དང༌། ཁྲིམས་ཞིབ་ཁང་གོང་འོག་སོ་སོའི་ཁྲིམས་ཁོངས་ཁྱབ་ཚད། ཁ་མཆུའི་འགྲོ་གྲོན། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། གྱོད་ཡ་དོ་བདག་གི་ཞུ་སྒོ་ཁག་དང༌། གྱོད་ཡའི་འཐུས་མི་དང་། གྱོད་ཡའི་ངོ་ཚབ། ཁྲིམས་རྩོད་པ་བསྐོ་གཞག་བཅས་ཀྱི་སྐོར། ཁ་མཆུ་ཞུ་གཏུག་གི་སྙན་ཞུ་དང་བརྡ་སྦྱོར། ཁ་མཆུ་ཉན་ཞིབ་དང་ཞིབ་གཅོད། ཁ་མཆུ་ཐག་གཅོད་ཀྱི་བཅད་ཁྲ། གོང་ཞུ། བསྐྱར་ཞིབ་དང༌། དོགས་གཅོད། བཟོ་བཅོས། ཁ་མཆུ་བྱེ་བྲག་པ། སྣ་ཚོགས། ཁྲིམས་ཞིབ་ཁང་ལ་ཁྱད་གསོད། རང་ཆས་སུ་ཡོད་པའི་དབང་ཆ། བསྐྱར་བཅོས་བཅས་ཁ་མཆུ་ཞུ་གཏུག་སྐབས་ཀྱི་བྱ་རིམ་ཞིབ་ཕྲ་འཁོད་ཡོད་པ་དང་། ཁྲིམས་ཡིག་འདིར་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ བར་བསྐྱར་བཅོས་ཐེངས་ ༥ གནང་ཡོད།
ཁྲིམས་ཡིག་འདིའི་ནང་ལེའུ་ ༡༤ དང༌། ནང་གསེས་དོན་ཚན་ ༨༣ ཡོད་པ་དང༌། ཁྲིམས་ཡིག་འདིའི་དོན་ཚན་ཁག་གི་ནང་དོན་གཙོ་བོ་ནི་ཁྲིམས་ཡིག་གི་ཁྱབ་ཚད་དང༌། དགོས་དམིགས། དཔང་རྟགས་སྤྱིར་སྟངས་ཀྱི་འགྲེལ་བཤད། དཔང་རྟགས་སུ་བླང་བྱ་ཡིན་མིན་གྱི་འགྲོ་ལུགས། འབྲེལ་ཆགས། དཔང་པོ་བྱེད་འཕེར། དཔང་པོར་བརྟག་ཞིབ། བསམ་ཚུལ་གྱི་དཔང་རྟགས། གཟུགས་ཕུང་ལས་གྲུབ་པའི་དཔང་རྟགས། ངག་ཐོག་དཔང་རྟགས། གསང་ཉར་ཐོབ་དབང༌། གཞན་བརྗོད་དཔང་རྟགས། ཁུངས་སྐྱེལ་མ་དགོས་པའི་དངོས་གནས། ཁུངས་སྐྱེལ་གྱི་འགན་ཁུར། བསྐྱར་བཅོས་བཅས་ཀྱི་སྐོར་བྱ་རིམ་གསལ་པོ་འཁོད་ཡོད་པ་དང་། ཁྲིམས་ཡིག་འདིར་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ བར་བསྐྱར་བཅོས་ཐེངས་ ༣ གནང་ཡོད།