༄༅། །ཕྱི་ལོ་ ༡༩༦༣ ཟླ་ ༧ ཚེས་ ༩ ཉིན་རྒྱ་གར་དྷ་རམ་ས་ལར་འཁྲུངས། ཁོང་ནི་དྷ་ས་བོད་ཁྱིམ་དུ་སློབ་བཞེས་ཀྱིས་སློབ་གྲྭའི་ནང་སྤྱི་ཁྱབ་རྒན་བདག་གི་འགན་འཁུར་འཐུས་ཚང་ཞུས་པ་དང་།  ཤེས་རིག་ལས་ཁུངས་ནས་སློབ་བུ་རྩེ་ཕུད་ཀྱི་བྱ་དགའ་ཡང་སྩལ་ཐོབ་བྱུང་། འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་སྤྲོད་མཐའ་མ་དེ་ལེགས་འཕྲོད་བྱུང་རྗེས་ (Christian Medical College, Vellore) དང་། (St. John’s Medical College, Bangalore) བཅས་མཐོ་སློབ་གཉིས་ནང་སྨན་ཁང་དང་འཕྲོད་བསྟེན་འཛིན་སྐྱོང་གི་རིག་གནས་ཐོག་སློབ་མཐར་ཐོན་རྗེས།

ཕྱི་ལོ་ ༡༩༨༧ ཟླ་ ༡ ཚེས་ ༡ ནས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར། བདེ་ལེགས་སྨན་ཁང་དུ་འཕྲོད་བསྟེན་འབྲེལ་མཐུད་པའི་ལས་འགན་བཞེས། ཕྱི་ལོ་ ༡༩༩༡ ནས་འཕྲོད་བསྟེན་ལས་ཁུངས་དབུས་མར་འཕྲོད་བསྟེན་འཆར་འགོད་འགན་འཛིན་གྱི་ལས་འཁུར་ཞུས་སྐབས། ཕྱི་ལོ་  ༡༩༩༤ ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་གནང་། དེའི་རྗེས་ཕྱི་ལོ་ ༢༠༠༦ ནས་བཟུང་སྨན་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་བ་བཞིན་འགན་འཁུར་བཞེས། དེ་བཞིན་རང་རེའི་སྤྱི་ཚོགས་དང་འབྲེལ་བའི་ཞབས་ཞུའི་ཁོངས་དྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་སྐབས་གཉིས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་རྒྱུན་ཚོགས་གཞོན་སྐབས་གཉིས། གཞན་ཡང་དྷ་ས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་། དྷ་སར་རྒྱལ་སྤྱིའི་ (Rotary Club) ཚོགས་པ་སོ་སོའི་ནང་ལོ་མང་ཞབས་ཞུ་ཞུས། དེ་མིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་འགའི་ནང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། དབུས་གཙང་དམ་པ་ཆོལ་ཁའི་སྤྱི་ཁྱབ་སློབ་སྟོན་པའི་འགན་འཁུར་ཞུས། དབུས་གཙང་ཆོལ་ཁའི་རྒྱ་ཆེའི་མི་མང་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༣ པ་དང་། སྐབས་ ༡༤། སྐབས་ ༡༥། སྐབས་ ༡༦། སྐབས་ ༡༧ བཅས་སོ་སོར་བདམས་ཐོན་གྱིས་སྤྱི་འཐུས་ཀྱི་ལས་འཁུར་མི་ལོ་ ༢༤ ལྷག་ཞུས་ཡོད།

ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༩ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ལས་ཉིན་བཅུ་གཉིས་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་ཐོན་གྱིས། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༧ ཉིན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་དམ་འབུལ་བཞེས་གྲུབ་ཀྱིས་མཛད་འགན་བཞེས་མུས་སུ་ཡིན།།