འབུམ་རམས་པ་ངག་དབང་རབ་རྒྱལ།
ཁྲིམས་ཞིབ་པའི་དུས་ཡུན། ༢༠༡༦།༡༡།༠༡ ནས་ ༢༠༡༩།༡༢།༣༠
༄༅། །ཕྱི་ལོ་ ༡༩༥༥ ཟླ་ ༡ ཚེས་ ༡ ཉིན་གངས་ལྗོངས་ཞིང་རིར་འཁྲུངས་ཤིང་། ༡༩༥༩ ལོར་ཕ་མ་ལྷན་སོ་ལུ་ཁུམ་བུ་བརྒྱུད་བལ་ཡུལ་དུ་སྐྱབས་བཅོལ་ལ་འབྱོར་བ་དང་། ༡༩༦༤ ལོར་རྒྱ་གར་དུ་ཕེབས་ཏེ་ཌལ་ཧོར་བོད་གཞུང་སློབ་གྲྭར་སྒྲིག་ཞུགས་ཀྱིས་ ༡༩༧༣ ལོར་གཞི་རིམ་སློབ་གཉེར་མཐར་སོན། ཕྱི་ལོ་ ༡༩༧༤ ནས་ ༡༩༧༧ བར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་ཆབ་སྲིད་རིག་པར་ (Political Science) སློབ་གཉེར་གནང་སྟེ་དངོས་གཞིའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (B.A. Hons.) བསླབ་པ་མཐར་སོན། ཕྱི་ལོ་ ༡༩༧༧ ནས་ ༡༩༧༩ བར་ལྡི་ལི་མཐོ་རིམ་སློབ་ཁང་དུ་རྒྱལ་སྤྱིའི་འབྲེལ་ལམ་དང་ཁྲིམས་ལུགས་ (International Relations and Law) ཆེད་སྦྱོང་གནང་སྟེ་གཙུག་ལག་རབ་འབྱམས་པ་ (M.A) བསླབ་པ་མཐར་སོན། སློབ་གཉེར་གནང་སྐབས་སྔ་རྗེས་སུ་ལྡི་ལི་ས་གནས་གཞོན་ནུའི་དྲུང་ཆེ་དང་། བོད་རང་དབང་ལྡན་པའི་ལས་འགུལ་གྱི་དྲུང་ཆེའི་ལས་འགན་བཞེས། ཕྱི་ལོ་ ༡༩༧༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་བཙན་བྱོལ་ནས་དགེ་རྒན་གཏོང་གནང་མཛད་རྒྱུའི་བཀའ་སློབ་གསལ་བསྒྲགས་ཕེབས་པ་བཞིན་ལྡི་ལི་ཁུལ་ནས་དང་བླངས་དགེ་རྒན་ལ་འགྲོ་རྒྱུའི་ཁས་ལེན་ཞུ་མཁན་བོད་རིགས་གཞོན་ནུ་བཞི་བྱུང་བའི་ཁྲོད་ནས་གཅིག་ཡིན།
ཕྱི་ལོ་ ༡༩༧༩ ནས་ ༡༩༨༠ བར་ལྡི་ལི་ཇ་མི་ཡ་ཨི་སི་ལ་མི་ཡ་ Jamia Millia Islamia གཙུག་ལག་སློབ་གཉེར་ཁང་ནས་དགེ་རྒན་འོས་སྦྱོང་ B.Ed བསླབ་པ་མཐར་སོན། ཕྱི་ལོ་ ༡༩༨༠ ནས་ ༡༩༨༡ བར་བོད་ལ་དང་བླངས་ཐོག་དགེ་རྒན་ལ་འགྲོ་རྒྱུའི་རེ་སྒུག་གིས་བོད་གཞུང་བདེ་སྲུང་འབྲེལ་ཡོད་ལས་ཁུངས་ནང་བོད་གནས་ཉམས་ཞིབ་ཞུས། ཕྱི་ལོ་༡༩༨༢ ལོར་བོད་གཞུང་བཀའ་ཤག་ནས་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ (Soviet Union) ལ་གཞུང་འབྲེལ་སློབ་སྦྱོང་ལ་བཏང་གནང་མཛད་པ་བཞིན་རུ་སྐད་སྦྱངས་ཏེ། རྒྱལ་སྤྱིའི་འབྲེལ་ལམ་ (International Relations) ཐོག་༡༩༨༧ ལོར་འབུམ་རམས་པའི་ (Ph. D) བསླབ་པ་མཐར་སོན། ཕྱི་ལོ་ ༡༩༨༧ ནས་ ༡༩༩༢ བར་ལྡི་ལི་དོན་གཅོད་ཁང་དུ་ཆབ་སྲིད་ཉམས་ཞིབ་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༣ ལོར་རུ་སོག་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་བཞིན་དོན་གཅོད་ཁང་གསར་འཛུགས་དང་ཆབས་ཅིག བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གསར་འཛུགས་དང་། རུ་སྐད་ཐོག་བོད་གནས་གསར་འཕྲིན་ (Novasti Tibeta) གྱི་རྩོམ་སྒྲིག་པའི་འགན་ཁུར་བཞེས། ཕྱི་ལོ་ ༡༩༩༧ ནས་ ༡༩༩༨ བར་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་། ཕྱི་ལོ་ ༡༩༩༨ ནས་ ༡༩༩༩ བར་ཨ་རི་དོན་གཅོད་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་གནས་ཚུལ་མཁོ་སྤྲོད་དང་ཞུ་གཏུག་སོགས་ཀྱི་ལས་ཁུར་བཞེས། ཕྱི་ལོ་ ༡༩༩༩ ནས་ ༢༠༠༥ བར་ཨ་རི་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་བཞེས། ཕྱི་ལོ་ ༢༠༠༥ ནས་ ༢༠༠༨ བར་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར། ཕྱི་ལོ་ ༢༠༠༨ ནས་ ༢༠༡༥ བར་རུ་སོག་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་བཞེས། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༤ ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༡ བར་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་བཞེས་མུར།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱིས། རང་ལོ་ ༦༥ ཧྲིལ་པོར་ལོན་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༡ ཉིན་བགྲེས་ཡོལ་དུ་ཕེབས།