ཡེ་ཤེས་དབང་མོ།
ཁྲིམས་ཞིབ་པ་ཆེ་བའི་དུས་ཡུན་ ༢༠༢༥།༠༤།༠༤ ནས།
༄༅། །ཕྱི་ལོ་ ༡༩༧༢ ཟླ་བ་ ༣ ཚེས་ ༡ ཉིན་འཁྲུངས་པ་དང་། ཕྱི་ལོ་ ༡༩༩༡ ལོར་མ་སུ་རི་གཏན་སློབ་ནས་ཚན་རིག་སྡེ་ཚན་ཁོངས་ཨང་རིམ་རྩེ་ཕུད་གྲས་ཀྱི་ཐོག་ནས་འཛིན་རིམ་བཅུ་གཉིས་ཐོན། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འོག་ཕྱི་ལོ་ ༡༩༩༤ ལོར་ (GCG 42, Punjab University) ནས་ཚན་རིག་སྡེ་ཚན་ཁོངས་རིག་གནས་རབ་འབྱམས་པ་སློབ་མཐར་སོན། ཕྱི་ལོ་ ༡༩༩༤ ནས་ས་རཱ་མཐོ་སློབ་ལས་བྱེད་སྦྱོང་བརྡར་ཁང་དུ་ལས་བྱེད་གསར་བཞུགས་སྦྱོང་བརྡར་ཟླ་གྲངས་བརྒྱད་གནང་ནས་ཕྱི་ལོ་ ༡༩༩༥ ཟླ་བ་ ༩ ཚེས་ ༡༨ ཉིན་གཞུང་ཞབས་ཁོངས་གསར་བཞུགས་ཀྱིས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་དྲུང་ལས་གནས་རིམ་ཐོག་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༩ ལོར་དྲུང་གཞོན་གནས་རིམ་ལ་གནས་སྤར། ཕྱི་ལོ་ ༢༠༠༢ ལོར་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོ་བཀོད་སྒྲིག་གནང་།
ཕྱི་ལོ་ ༢༠༠༥ ལོར་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་གནས་རིམ་ཐོག་གནས་སྤར། ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ བར་ལོ་གཅིག་རིང་ཨ་རིར་ Fullbright སློབ་ཡོན་ཁོངས་ University of Massachusetts ནང་སློབ་གཉེར་གནང་སྟེ། ཕྱིར་འཁོར་མཚམས་བཀའ་དྲུང་ཡིག་ཚང་གི་ཟུང་དྲུང་གནས་རིམ་ཐོག་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༠༩ ལོར་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་གི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༣ ལོར་དྲུང་ཆེ་ལས་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༦ ལོར་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་ལ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ ཉིན་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེར་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡ ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་དུ་བཀོད་སྒྲིག་གིས་ལས་འགན་ཞུས་བཞིན་པའི་སྐབས།
ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩྄ པའི་ལས་ཉིན་ ༡༢ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་གྱིས། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༤ ཉིན་དཔལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་ནས་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་འབུལ་ཞུས་ཏེ་མཛད་འགན་བཞེས་ཤིང་ཡོད།།