༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ལ་འོས་གྲངས་ ༢༥ དང་། བཀའ་ཟུར་འཕགས་པ་ཚེ་རིང་ལགས་ལ་འོས་གྲངས་ ༣༡ བཅས་ཐོབ་སྟེ། མང་མོས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་སུ་བདམས་ཐོན་གནང་ཡོད་པ་དང་།
ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༧ རེས་གཟའ་ཟླ་བ་ཉིན་སྔ་དྲོའི་ཚོུད་ ༡༠༌༠༠ སྟེང་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ་ཚོགས་མི་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་སྲི་ཞུ་བ་དྲུང་ལས་ཡན་གྱི་ལས་བྱེད་རྣམ་པ་བཅས་ཚང་འཛོམས་ཀྱིས། བདམས་ཐོན་ཁྲིམས་ཞིབ་པ་གཞན་གཉིས་ནས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་དམ་འབུལ་ཞུས་ཏེ་མཛད་འགན་བཞེས་གནང་ཡོད།