ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོ་བོ་དང་། འགན་དབང༌ །

༡།  བོད་མིའི་སྒྲིག་འཛུགས་དང༌ ། མི་མང་ལ་ཡུལ་དུས་གནས་སྐབས་སུ་དམིགས་བསལ་དགོས་མཁོ་དང་འཚམས་པའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་གྱོད་གཏུག་གོང་ཞུ་བྱ་ཡུལ་མཐར་ཐུག་གི་ཁྲིམས་ཞིབ་ཁང་དང་༌། བོད་མིའི་ཁྲིམས་དང་ལམ་སྲོལ་རྣམ་པ་འདྲ་མིན་གྱི་ཁྲིམས་ཞིབ་སྟངས་འཛིན་བཀོད་ཁྱབ་ལག་བསྟར་བཅས་བྱ་རྒྱུའི་འགན་དབང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།

༢།  ཁྲིམས་ཞིབ་ཁང་ནང་དུ་གཏུག་བཤེར་གྱི་བྱ་རིམ་གང་བྱུང་བ་རྣམས་ཡིག་ཐོག་གམ། སྒྲ་འཛིན་འཕྲུལ་ཆས་གང་རུང་ཐོག་གཏན་འཇགས་སུ་རྩ་འཛིན་ཉར་འཇོག་བྱེད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན།

༣།  ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་བླང་དོར་ཞུ་སྒོའི་སྒྲིག་གཞི་དང་། ཁྲིམས་ཞིབ་ཁང་འོག་མ་ཁག་གི་སྒྲིག་གཞི་དང་ལམ་སྟོན་ཇི་དགོས་སྐབས་བསྟུན་བཟོ་འགོད་ཀྱིས་ལག་བསྟར་བྱེད་ཆོག་པ་ཡིན།

༤།  ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་ཁག་གཞིར་བཟུང་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་༌། འགྲོ་ལུགས། སྒྲིག་གཞི་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་དང་འབྲེལ་གཏན་འབེབས་བྱུང་མཚམས་ནས་ལག་ལེན་བསྟར་ཆོག

༥།  ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གཏན་འཇགས་སམ་འཕྲལ་སེལ་གང་རུང་གི་ཁྲིམས་ཞིབ་ཁང་འོག་མ་ཁག་གསར་འཛུགས་དང་༌། ཕྱིར་བསྡུ་བྱེད་ཆོག

༦།  ཁྲིམས་ཞིབ་ཁང་འོག་མ་རྣམས་དང་༌། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང་༌།འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང་སྟངས་འཛིན་བྱེད་ཆོག

༧།  གཞན་ཡང་རང་རེའི་གནས་བབས་ལ་བསྟུན་ཏེ་ཁྲིམས་ཞིབ་བྱེད་འོས་པའམ། རང་རེས་ཁྲིམས་ཞིབ་བྱ་རྒྱུར་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དབང་ཐོག་ནས་དགག་པ་མེད་པའི་སྤྱི་སྒེར་གྱི་རྩོད་གཞི་ཁག་བཅས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་མིའི་ཁྲིམས་དང༌་། ལམ་སྲོལ་རྣམ་པ་འདྲ་མིན་གྱི་ཁྲིམས་ཞིབ་དང༌་། བཀོད་འདོམས་བྱེད་ཆོག

༨།  བོད་ཀྱི་ཡུལ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་བཀོད་འདོམས་བྱེད་ཆོག

༩།  བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་ཀྱི་དོན་ཚན་གང་རུང་དང་འགལ་ཚེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འགལ་བའི་ཆ་དེ་རྩ་འཛིན་མེད་པའི་ཐག་གཅོད་བྱེད་ཆོག