ས་གནས་ཁྲིམས་ཞིབ་ཁང་ལ་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད།

ཀ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌ ། ཁྲིམས་ལུགས། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་གི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང༌དང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལས་ཁུངས་ཁག་དང་། ཁྱབ་ཁོངས་སྡེ་ཚན་ཁག་གི་སྒྲིག་གཞི་དང་། རྩ་འཛིན། ལམ་སྟོན། བཀའ་ཁྱབ། བཀོད་ཁྱབ་བཅས་གང་རུང་ཞིག་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་དང་སྒྲིག་གཞི་གང་ཞིག་དང་མཐུན་མིན་གྱི་རྩོད་གླེང་།

ཁ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་༌། ལས་འགན། དེ་བཞིན་ཁྲིམས་ཀྱི་ཐོབ་ཐང་བཅས་ལ་གནོད་འགལ་དང་འབྲེལ་བའི་རྩོད་གླེང་༌།

ག།  བོད་མིའི་སྒྲིག་འཛུགས་མ་ལག་གི་ལས་བྱེད་པ་ཁག་གི་ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང་༌།

ང།  བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་དང་༌། དེ་དག་གི་ལས་བྱེད་པ་ཆེ་ཕྲའི་གཞུང་འབྲེལ་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང་༌།

ཅ།  བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ནས་གོ་སྒྲིག་བྱས་པའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་རྩོད་གླེང་༌།

ཆ།  བོད་མི་སྒེར་ཕན་ཚུན་དབར་གྱི་རྩོད་གླེང༌་།

ཇ།  བོད་མི་སྤྱི་སྒེར་དབར་གྱི་རྩོད་གླེང་༌།

ཉ།  བོད་མིའི་སྤྱི་ཚོགས་བདེ་འཇགས་དང་འབྲེལ་བའི་རྩོད་གླེང་༌།

ཏ།  གཞན་ཡང་བོད་མིའི་ཁྲིམས་ཡིག་ཁག་ནང་གསལ་ཁ་མེད་པ་དང་༌། བཙན་བྱོལ་དུ་གནས་ཡུལ་རྒྱལ་ཁབ་གང་དེའི་ཁྲིམས་དབང་ཐོག་ནས་ཁས་ལེན་ཡོད་པའམ་དགག་ཆ་མེད་པའི་རིགས།