ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།

༡།  ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

༢། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི།

ཀ བོད་ཀྱི་ཡུལ་མི་ཡིན་པ་དང་༌།

ཁ རང་ལོ་ལྔ་བཅུ་ཧྲིལ་པོ་ལོན་པ་ཡན།

ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས།

༣། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་འོས་ཐོན་བྱུང་འཕྲལ་ལས་འཁུར་དུ་མ་ཞུགས་གོང་འཁྱུར་ཉེའི་ཁྲིམས་ཞིབ་པ་ཆེ་བའམ་ལས་ཚབ་ཀྱི་མདུན་དུ་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ།   ཁས་ལེན་བྱེད་དགོས། ཁྲིམས་ཞིབ་པ་གཞན་གཉིས་འོས་ཐོན་བྱུང་འཕྲལ་ཁྲིམས་ཞིབ་པ་ཆེ་བའི་མདུན་ལས་ཁུར་དུ་མ་ཞུགས་པའི་གོང་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ། ཁས་ལེན་བྱེད་དགོས།

༤། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱ་དགོས་བྱུང་བའམ།  དོ་བདག་ནས་དགོངས་ཤོག་ཕུལ་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་མ་ལོན་བར་ལས་ཁུར་རྒྱུན་འཛིན་བྱ་རྒྱུ།

༥། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་ལས་འཁུར་ནས་རྒས་ཡོལ་ཐོན་པའམ་འཕོ་འགྱུར་བྱས་པའི་སྐྱེ་བོ་སུ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁེ་ཡོད་ལས་འཛིན་དུ་གཞུག་མི་ཆོག

༦།   ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དུས་ཡུན་ངེས་ཅན་གུང་གསེང་ཞུ་དགོས་བྱུང་རིགས་ལ་ལས་ཚབ་བཅའ་ཁྲིམས་དོན་ཚན་ ༦༧ པའི་འོག་གཏན་འབེབས་བྱས་པའི་སྒྲིག་གཞི་ལྟར་བསྐོ་གཞག་བྱ་རྒྱུ།