༄༅། །དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་དུ་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་འཁུར་དང་གསང་རྒྱའི་དམ་བཅའ་ཕུལ་བ།


བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ས་ག་ཟླ་བའི་ཚེས་ ༡༦ ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༧ རེས་གཟའ་ཕུར་བུ། སྔ་དྲོ་ཆུ་ཚོད་ ༩།༥༥ སྟེང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་ཁྲིམས་ཞིབ་པ་ཆེ་བ་དང་། སྲིད་སྐྱོང་ལས་ཐོག བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་བཅས་བཞུགས་གྲལ་ལ་འཁོད་བསྟུན། གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་དྲ་ལམ་བརྒྱུད་ཤིས་བརྗོད་གསུང་འདོན་གནང་། དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་བསྟུན། བདམས་ཐོན་སྲིད་སྐྱོང་ནས་རྟེན་གསུམ་འདེགས་འབུལ་ཞུས་ཏེ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་བདམས་ཐོན་སྲིད་སྐྱོང་ནས་ལས་འཁུར་དང་། གསང་རྒྱའི་དམ་བཅའ་འབུལ་བཞེས་གྲུབ་མཚམས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྲིད་སྐྱོང་མཆོག་ལ་ལ་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་བསྒྲོན་འབུལ་གནང་སྟེ་སྲིད་སྐྱོང་མཆོག་ནས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་གནང་།


དེ་རྗེས་སྲིད་སྐྱོང་ཟུར་པ་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་མཎྜལ་རྟེན་དོད་ཕུལ་ཏེ། སྲིད་སྐྱོང་གསར་རྙིང་དབར་བཀའ་ཐམས་སྲིད་ཞི་བདེ་སྐྱིད་རྩིས་སྤྲོད་ལེན་གྲུབ་བསྟུན། སྲིད་སྐྱོང་ཟུར་པའི་ལས་ཐོག་སྲིད་སྐྱོང་ལ་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་བསྒྲོན་འབུལ་གནང་ཡོད།


བདམས་ཐོན་སྲིད་སྐྱོང་གི་གསོལ་འདེབས་ཞུས་དོན་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་བསྩལ་ཡོད། བཀའ་སློབ་རྗེས་སུ་སྐུ་མགྲོན་རྣམས་ལ་རྟེན་འབྱུང་གསོལ་ཇ་དང་། འབྲས་སིལ་འདེགས་འབུལ་ཞུས་བསྟུན་དམ་འབུལ་མཛད་སྒོ་ལེགས་གྲུབ་ངང་གྲོལ་ཡོད།

Previous ༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ནས་ལས་ཁུར་རྒྱུན་སྐྱོང་བྱས་ཟིན་པའི་གསལ་བསྒྲགས།