བྱང་ཕྱོགས་ས་ཁུལ་ཁག་ ༥ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་གྲུབ།

དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་ཨ་རི་ DRL རོགས་དངུལ་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༣༡ ཉིན་འགོ་འཛུགས་ཀྱིས། བདེ་སྐྱིད་གླིང་དང་། ཁྱབ་ཁོངས་དགེ་འཕེལ་གླིང་ས་གནས་མི་མང་ ༡༨༠ དང། ཟླ་ ༩ ཚེས་ ༢ ཉིན་མ་སུ་རི་བོད་ཁྱིམ་སློབ་གྲྭ་དང་སམ་བྷོ་ཊ་གཏན་སློབ་གཉིས་ཀྱི་དགེ་ལས་སློབ་ཕྲུག་ ༤༡༢། ཚེས་ ༧ ཉིན་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་ ༡༥༠། ཚེས་ ༩ ཉིན་ཀེལ་མེན་ཊོན་དོན་གྲུབ་གླིང་གཞིས་ཆགས་ཀྱི་ས་གནས་མི་མང་ ༩༠ བཅས་ལ་སྐོར་སྐྱོད་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་ལས་གཞི་སྤེལ་ཐུབ་པ་བྱུང་ཡོད།

         

གོང་གསལ་གྱི་གོ་རྟོགས་ལས་རིམ་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་།  མང་གཙོ་ཀ་བ་གསུམ་གྱི་ངོ་བོ་དང་འགན་དབང་ངོ་སྤྲོད། བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་། ངོ་བོ། འགན་དབང་། གྲུབ་ཆ།  སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁ་མཆུ་ཞུ་གཏུག་མ་བྱས་གོང་རང་ངོས་ནས་ཤེས་དགོས་པའི་གནད་དོན་དང་། ཁ་མཆུ་ཞུ་གཏུག་གི་ཞུ་སྙན་འབུལ་སྟངས་དང་། ཐོག་མ་ཁ་མཆུ་ཞུ་གཏུག་གི་བྱ་རིམ། བར་དུ་ཁ་མཆུ་གཏུག་བཤེར་གྱི་བྱ་རིམ། མཐའ་མ་ཁ་མཆུ་ཐག་གཅོད་ཀྱི་བྱ་རིམ་དང་། བཅོས་གསོའི་ཐབས་ལམ་ཇི་ཡོད་སོགས་ཀྱི་གོ་རྟོགས།  སྐབས་མཚམས་སོ་སོར་དྭོགས་འདྲི་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་བཅས། །

Previous སྐོར་སྐྱོད་ཁྲིམས་ཞིབ་ཁང་།