འདེམས་ལྷན་ཚོགས་མི་ཆོས་དབྱིངས་དོན་གྲུབ་མཆོག་གི་ལས་ཁུར་དམ་འབུལ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༠༧ ཚེས་ ༠༡ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་འདེམས་ལྷན་ཚོགས་མི་ཆོས་དབྱིངས་དོན་གྲུབ་མཆོག་གི་ལས་ཁུར་དམ་འབུལ་ཞུས་ཡོད།  སྐབས་དེར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ། སྲིད་སྐྱོང་། བཀའ་བློན་རྣམ་པ། སྤྱི་ཁྱབ་རྩིས་ཞིབ་འགན་འཛིན། འོས་བསྡུའི་འགན་འཛིན་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས། འདེམས་ལྷན་ཚོགས་མི་བཅས་ཚང་འཛོམས་ཀྱིས་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་།

དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། འདེམས་ཐོན་འདེམས་ལྷན་ཚོགས་མི་ཆོས་དབྱིངས་དོན་གྲུབ་མཆོག་གིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་ནས་ལས་ཁུར་དམ་འབུལ་ཞུས།

དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་འདེམས་ལྷན་ཚོགས་མི་ཆོས་དབྱིངས་དོན་གྲུབ་མཆོག་ལ་རྟེན་འབྱུང་མཇལ་དར་སྒྲོན་འབུལ་གནང་བ་དང་འབྲེལ་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་རྗེས་ཚོགས་བཅར་བ་ཡོངས་ལ་རྟེན་འབྱུང་གྲོ་སོ་ཕྱེ་མར་དང་། ཆང་ཕུད། གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ་སྐུ་མགྲོན་རྣམ་པས་རིམ་བཞིན་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་ མཇལ་དར་དང་། འདེམས་ལྷན་ཚོགས་མི་མཆོག་ལ་རྟེན་འབྲེལ་མཚོན་བྱེད་དང་རྟེན་འབྱུང་མཇལ་དར་སྒྲོན་ཏེ་དམ་འབུལ་མཛད་སྒོ་ལེགས་གྲུབ་ ངང་གྲོལ་ཡོད།

 

Previous ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་འགེལ་བཀའ་ཁྱབ།