༄༅། །བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པའི་མཇུག་བསྒྲིལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་བཅུའི་རིང་བཙན་བྱོལ་བོད་མའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པའི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་མཇུག་བསྡོམས་མཛད་སྒོ་འགོ་འཛུགས་གནང་ཞིང་། སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་འཕགས་པ་ཚེ་རིང་མཆོག སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་གཙོས་པའི་ཚོགས་བཅར་བ་བཅས་ཚང་འཛོམས་གནང་ཡོད། མཛད་སྒོའི་མདོ་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་རིན་ཆེན་བཟང་མོ་ལགས་ཀྱིས་གནང་ཡོད།
མཛད་སྒོའི་ཐོག་སྦྱོང་བརྡར་བ་ཞིག་གིས་སྦྱོང་བརྡར་རིང་གི་མྱོང་ཚོར་མཉམ་སྤྱོད་གནང་བ་དང་། དེ་ཡང་གོ་སྐབས་གལ་ཆེན་འདི་ལྟ་བུར་གཅེས་སྤྲས་གནང་སྟེ་སྦྱོང་བརྡར་ལ་མཉམ་ཞུགས་གནང་བ་དང་། ཉིན་བཅུའི་རིང་དུས་ཚོད་ཆུད་ཟོས་སུ་མ་གཏོང་བར་ཧུར་ཐག་གིས་མཉམ་ཞུགས་གནང་ཡོད་པ་བཤད། དེ་བཞིན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་ཐོག་སྔར་ལྷག་གོ་རྟོགས་དང་ངེས་ཤེས་བྱུང་ཡོད་པ་དང་། མ་འོངས་པར་དེ་འདྲའི་སྦྱོང་བརྡར་རིགས་མུ་མཐུད་གོ་སྒྲིག་གནང་སྐྱོང་ཡོང་བ་དང་། ཟབ་ཁྲིད་པ་དང་གོ་སྒྲིག་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད།
དེ་རྗེས་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༢༢ ནང་གསལ་གྱི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པར་བྱ་རྒྱུའི་ཆ་རྐྱེན་ལྡན་པའི་སྦྱོང་བརྡར་བ་ ༡༩ ཡོད་པའི་ནང་ནས་སྦྱོང་བརྡར་བ་ ༡༨ ཀྱིས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་དུ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ཁས་ལེན་དམ་འབུལ་ཞུས་ཡོད། དམ་འབུལ་གྱི་མཛད་རིམ་གྲུབ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ཁོང་རྣམས་ལ་བོད་མིའི་ཁྲིམས་རྩོད་པའི་ལག་འཁྱེར་གནང་ཡོད།
དེ་བཞིན་དཔལ་ལྡན་ཁྲིམས་ཞིབ་པ་འཕགས་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཁོངས་བསྐྱར་སྦྱོང་གནང་མཁན་ ༤ ལ་བསྐྱར་སྦྱོང་ལག་འཁྱེར་དང་། མཉམ་ཞུགས་པ་ ༣ ལ་མཉམ་ཞུགས་ལག་འཁྱེར་བཅས་གནང་ཡོད།
དེ་ནས་སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་ཀྱིས་འཚམས་འདྲི་དང་སྦྲགས། ཉིན་བཅུའི་སྦྱོང་བརྡར་རིང་ཟབ་ཁྲིད་པ་རྣམས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་གཉིས་ཐོག་ཟབ་ཁྲིད་གང་ལེགས་གནང་ཡོད་པ་མ་ཟད། ལྷག་པར་དུ་སྦྱོང་བརྡར་བ་རྣམས་ཀྱིས་དོ་སྣང་ལྡན་པའི་ཐོག་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
ཁོང་གིས་དེ་བཞིན་སྦྱོབརྡར་དེ་འདྲ་གོ་སྒྲིག་གནང་དགོས་པའི་དགོས་དམིགས་དང་དམིགས་ཡུལ་རྣམས་མ་བརྗེད་པར་གནང་དགོས་པའི་གལ་གནད་གསུང་ཡོད། དེ་དང་འབྲེལ་སྦྱོང་བརྡར་འདི་བརྒྱུད་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པའི་ཐོ་འགོད་ཞུས་པའི་སྦྱོང་བརྡར་བ་༡༩ ལ་འཚམས་འདྲི་དང་། བསྐྱར་སྦྱོང་གནང་མཁན་བཞི་ལ་ཡི་རངས་བསྔགས་བརྗོད་གནང་ཡོད། མ་ཟད་མཉམ་ཞུགས་པ་རྣམས་ནས་མ་འོངས་པའི་སྦྱོང་བརྡར་ཁག་ལ་མུ་མཐུད་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་གནང་ཡོད།
ཕྱོགས་མཚུངས། མཉམ་ཞུགས་པ་རྣམས་ཀྱིས་སོ་སོར་བཞག་པའི་འགན་ཁུར་ལེགས་པར་བཞེས་ཏེ། སྤྱི་ཚོགས་ནང་བཟང་སྤྱོད་དང་འགན་འཁུར་ལྡན་པའི་སྒོ་ནས་ཕན་ཐོགས་ཐུབ་པའི་ལས་དོན་གནང་དགོས་པའི་ལམ་སྟོན་ཡང་གནང་ཡོད། དེ་རྗེས་སྐུ་མགྲོན་དང་སྦྱོང་བརྡར་བ་རྣམས་མཉམ་དུ་སྐུ་པར་བསྒྲོན་ཏེ་མཛད་སྒོ་མཇུག་སྒྲིལ་ཡོད།
ཐེངས་འདིའི་ཉིན་བཅུའི་སྦྱོང་བརྡར་ནང་ཁྱོན་མི་གྲངས་ ༢༦ མཉམ་ཞུགས་གནང་ཡོད་པ་དང་། དེའི་ཁོངས་སུ་ཁྲིམས་ཀྱི་སློབ་ཐོན་པ་དང་སློབ་གཉེར་བ། དེ་སྔོན་ཁྲིམས་ཞིབ་ཁང་ནས་ཁྲིམས་རྩོད་པའི་ལག་འཁྱེར་ཐོབ་པའི་ཁྲིམས་རྩོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད། ཁྲིམས་ཞིབ་ཁང་མ་ལག་གི་ལས་བྱེད་བཅས་ཚུད་ཡོད།
སྦྱོང་བརྡར་རིང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་ཁག་གི་ངོ་སྤྲོད་དང་གསུང་བཤད་གནང་ཡོད། སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་སྐོར་ལ་སློབ་ཁྲིད་གནང་ཡོད།
དེ་བཞིན་ལ་དྭགས་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་དང་། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་རིན་ཆེན་བཟང་མོ་ལགས་བཅས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ཐོག་སློབ་ཁྲིད་གནང་ཡོད་པ་བཅས།།
