ཁྲིམས་ཁོངས་ཁྱབ་ཚད།

ས་གནས་ཁྲིམས་ཞིབ་ཁང་ལ་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད།

༡) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། ཁྲིམས་ཡིག ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་གི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང༌།

༢) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང༌། ལས་འགན་ལ་གནོད་འགལ་དང་འབྲེལ་བའི་རྩོད་གླེང༌།

༣) བོད་མིའི་སྒྲིག་འཛུགས་མ་ལག་གི་ལས་བྱེད་པ་ཁག་གི་ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང༌།

༤) བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་དང༌། དེ་དག་གི་ལས་བྱེད་པ་ཆེ་ཕྲའི་གཞུང་འབྲེལ་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང༌།

༥) བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ནས་གོ་སྒྲིག་བྱས་པའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་རྩོད་གླེང༌།

༦) བོད་མི་སྒེར་ཕན་ཚུན་དབར་གྱི་རྩོད་གླེང༌།

༧) བོད་མི་སྤྱི་སྒེར་དབར་གྱི་རྩོད་གླེང༌།

༨) བོད་མིའི་སྤྱི་ཚོགས་བདེ་འཇགས་དང་འབྲེལ་བའི་རྩོད་གླེང༌།

༩) གཞན་ཡང་བོད་མིའི་ཁྲིམས་ཡིག་ཁག་ནང་གསལ་ཁ་མེད་པ་དང༌། བཙན་བྱོལ་དུ་གནས་ཡུལ་རྒྱལ་ཁབ་གང་དེའི་ཁྲིམས་དབང་ཐོག་ནས་ཁས་ལེན་ཡོད་པའམ་དགག་ཆ་མེད་པའི་རིགས།

དོན་ཚན་ ༡ ནས་ ༤ པ་བར་གྱི་རྩོད་གླེང་རྣམས་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད་སྐོར་སྐྱོད་ཁྲིམས་ཞིབ་ཁང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལའང་ཡོད་མོད། དགོས་གལ་ཆེ་བའི་དམིགས་བསལ་རྒྱུ་མཚན་ཡོད་ན་མ་གཏོགས་ཐོག་མའི་གཏུག་བཤེར་ས་གནས་ཁྲིམས་ཞིབ་ཁང་དུ་བྱ་རྒྱུ་གཙོ་འདོན་བྱེད་དགོས་པ་དང༌། དགོས་གལ་ཆེ་བའི་དམིགས་བསལ་རྒྱུ་མཚན་ཡོད་མེད་འབྲེལ་ཡོད་སྐོར་སྐྱོད་ཁྲིམས་ཞིབ་ཁང་ངམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱེད་ཆོག

ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད་པའི་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད།

༡) འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་གང་ཞིག་ལ་དབུས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་བའི་རིགས།

༢) བོད་མིའི་སྒྲིག་འཛུགས་དང༌། བོད་མིའི་གནས་ཡུལ་ས་གནས་སྒྲིག་འཛུགས་གཅིག་གམ་དེ་ལས་མང་བའི་དབར་གྱི་རྩོད་གླེང༌།

༣) བོད་མིའི་གནས་ཡུལ་ས་གནས་སྒྲིག་འཛུགས་གཉིས་སམ། དེ་ལས་མང་བའི་དབར་གྱི་རྩོད་གླེང༌།

ཅ) ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གྲུབ་ཆ།

༡) ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ཞིབ་པ་ཆེ་བ་གཅིག་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཞིབ་པའི་གྲངས་སྤར་དགོས་པའི་ཁྲིམས་ལུགས་མ་བཟོས་བར་ཁྲིམས་ཞིབ་པ་གཞན་གཉིས་བཅས་དགོས་པ་ཡིན།

༢) ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཚོགས་མི་གསུམ་ལས་མི་མང་བའི་བཤེར་དཔང་ལྷན་ཚོགས་ཤིག་དགོས་གལ་བྱུང་ན་འཛུགས་ཆོག་པ་ཡིན།

༣) གྱོད་གཞི་གལ་ཆེའི་རིགས་ཀྱི་ཁྲིམས་ཞིབ་ལ་དགོས་གལ་ནམ་བྱུང་མཚམས་གྱོད་གཞིའི་གནད་དོན་ལ་ཉམས་མྱོང་ཡོད་པའི་གཟུ་དཔང་ཚོགས་མི་གྲངས་དགུ་ལས་མ་བརྒལ་བ་ཞིག་བཤེར་དཔང་ཡོད་མེད་ལ་མ་ལྟོས་པར་བསྐོ་གཞག་བྱེད་ཆོག་པ་ཡིན།