༄༅། །ཁྲིམས་ཞིབ་པ་ཟུར་པ་འབུམ་རམས་པ་ཞིང་ནོར་ངག་དབང་རབ་ རྒྱལ་མཆོག་ལ་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཐོག་མེ་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ། བཀའ་ཤག་གི་སྐུ་ཚབ་བཀའ་དྲུང་དང་། འོས་བསྡུའི་འགན་འཛིན་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས། སྤྱི་ཁྱབ་རྩིས་ཞིབ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་བཅས་ལྷན་འཛོམས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་པ་འབུམ་རམས་པ་ཞིང་ནོར་ངག་དབང་རབ་རྒྱལ་མཆོག་ལ་གཞུང་འབྲེལ་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་ཞུས་ཡོད།

གསོལ་སྟོན་སྐབས། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་ཁྲིམས་ཞིབ་པ་ཟུར་པ་འབུམ་རམས་པ་ཞིང་ནོར་ངག་དབང་རབ་རྒྱལ་མཆོག་གིས་ད་བར་བོད་མིའི་སྒྲིག་འཛུགས་ནང་ལྷག་བསམ་རྣམ་དག་གིས་མི་ལོ་ ༣༥ ལྷག་ཙམ་སྲི་ཞུ་ཞབས་འདེགས་ཧུར་བསྐྱེད་གནང་ཡོད་པ་དང་། ལྷག་དོན་ཁྲིམས་ཞིབ་པའི་མཛད་འགན་གཟེངས་ཐོན་བསྒྲུབས་གནང་མཛད་པར་བསྔགས་བརྗོད་དང་། མ་འོངས་པར་སྐུ་འཚོ་བདེ་བཞེས་ངོས། མུ་མཐུད་བོད་སྤྱི་པའི་དོན་དུ་ཕན་ནུས་འདོན་སྤེལ་གནང་སྐྱོང་ཡོང་བའི་འཚམས་སྨོན་རེ་སྐུལ་གྱིས་བརྒྱན་ཏེ་དྲན་རྟེན་མཚོན་བྱེད་དུ་དངུལ་ལས་གྲུབ་པའི་མཆོད་ཀོང་ཞིག་དང་། ཤིང་བྱང་ཐོག་གཟེངས་བསྟོད་ལེགས་གསོལ་གྱི་ཤིས་ཚིག་བཀོད་པ་ཞིག་བཅས་འབུལ་ལམ་གནང་ཡོད།

ཁྲིམས་ཞིབ་པ་ཟུར་པ་འབུམ་རམས་པ་ཞིང་ནོར་ངག་དབང་རབ་རྒྱལ་མཆོག་གིས། ཁོང་ཉིད་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུའི་གོ་སྐབས་ཐོབ་མ་ཉིད་ནས་དྲང་པོ་དྲང་གཞག་གིས་ལས་དོན་བྱས་ཡོད་པ་དང་། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད་པ། ཀུན་སློང་བཟང་པོའི་ཐོག་ནས་བོད་མིིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུས་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ལ་མང་ཚོགས་ནས་ཡིད་ཆེས་སླེབས་ཐབས་ཐོག་ཚང་མས་འབད་བརྩོན་བྱ་དགོས་པ་སོགས་ཀྱི་གཞེན་བསྐུལ་དང་། ཕེབས་སྐྱེལ་གསོལ་སྟོན་འབུལ་གཤོམ་ལ་ཐུགས་རྗེ་ཆེ་ཞུས་ཡོད།

ཁྲིམས་ཞིབ་པ་ཟུར་པ་འབུམ་རམས་པ་ཞིང་ནོར་ངག་དབང་རབ་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༥༥ ཟླ་ ༡ ཚེས་ ༡ ཉིན་ཡབ་བསོད་ནམས་རྡོ་རྗེ་ལགས་དང་། ཡུམ་ཚེ་རིང་ཆོས་འཛོམས་ལགས་གཉིས་ཀྱི་རིགས་མྱུག་ཏུ་ཤེལ་དཀར་ཞིང་རིར་འཁྲུངས། ཕྱི་ལོ་ ༡༩༧༣ ལོར་ཌལ་ཧོར་བོད་གཞུང་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་དང་། ཕྱི་ལོ་ ༡༩༧༧ ལོར་ལྡི་ལི་མཐོ་རིམ་སློབ་ཁང་ནས་ཆབ་སྲིད་ཚན་རིག་ (Political Science) ཐོག་དམིགས་བསལ་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A (Hons) ཐོན་པ་མ་ཟད། ལྡི་ལི་ས་གནས་བོད་རིགས་གཞོན་ནུ་ཚོགས་པའི་དྲུང་ཆེ་ཡང་གནང་ཡོད། ཕྱི་ལོ་ ༡༩༧༩ ལོར་མཐོ་སློབ་དེ་རང་ནས་རྒྱལ་སྤྱིའི་འབྲེལ་ལམ་དང་ཁྲིམས་ (International Relations and Law) ཐོག་གཙུག་ལག་རབ་འབྱམས་པའི་ MA སློབ་གཉེར་མཐར་སོན་པ་གནང་ཡོད། དེའི་རིང་དུའང་སྤྱི་ཚོགས་ཞབས་ཞུར་ཞུགས་ཏེ་ལྡི་ལི་ས་གནས་བོད་རང་དབང་ལྡན་པའི་ལས་འགུལ་གྱི་དྲུང་ཆེ་གནང་ཡོད། ཁོང་ནི་ཕྱི་ལོ་ ༡༩༧༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བཞུགས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་བཙན་བྱོལ་ནས་དགེ་རྒན་གཏོང་གནང་མཛད་རྒྱུའི་བཀའ་སློབ་གསལ་བསྒྲགས་ཕེབས་པ་བཞིན་དྭང་བླངས་ཞུ་མཁན་སློབ་ཕྲུག་བཞི་བྱུང་བའི་ནང་ནས་གཅིག་དེ་ཡིན། ཕྱི་ལོ་ ༡༩༧༩ ནས་ ༡༩༨༠ བར་ལྡི་ལི་ཇཱམྱིཡ་མིལི་ཡ་ཨཱིསླམྱི་ཡ (Jamia Millia Islamia) མཐོ་སློབ་ནས་དགེ་རྒན་འོས་སྦྱོང་ (B.Ed.) གི་སློབ་གཉེར་གནང་། ཕྱི་ལོ་ ༡༩༨༠ ནས་ ༡༩༨༡ བར་བོད་དུ་དགེ་རྒན་འགྲོ་རྒྱུའི་རེ་སྒུག་གིས་བོད་གཞུང་བདེ་སྲུང་གི་འབྲེལ་ཡོད་ལས་ཁུངས་ནང་དུ་བོད་གནས་ཉམས་ཞིབ་གནང་སྟེ་བཞུགས། ཕྱི་ལོ་ ༡༩༨༢ ལོར་དཔལ་ལྡན་བཀའ་ཤག་ནས་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་(Soviet Union) ལ་གཞུང་འབྲེལ་སློབ་སྦྱོང་ལ་བཏང་གནང་མཛད་པ་བཞིན་རུ་སུའི་སྐད་ཡིག་ཆེད་སྦྱངས་དང་འབྲེལ། རྒྱལ་སྤྱིའི་འབྲེལ་ལམ་ཐོག་ལ་ཉམས་ཞིབ་གནང་སྟེ་ཕྱི་ལོ་ ༡༩༨༧ ལོར་འབུམ་རམས་པའི་ (Ph.D.)  སློབ་གཉེར་མཐར་སོན་པ་གནང་ཡོད།

གཞུང་འབྲེལ་སློབ་སྦྱོང་ནས་ཕྱིར་འཁོར་གྱིས་ཕྱི་ལོ་ ༡༩༩༢ བར་ལྡི་ལིའི་དོན་གཅོད་ཁང་དུ་ཆབ་སྲིད་ཉམས་ཞིབ་དང་འབྲེལ་སྐུ་ཚབ་དོན་གཅོད་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་ཡིག་ཆ་སོགས་བདག་གཉེར་ཕྱག་རོགས་གནང་ཞིང་། ཕྱི་ལོ་ ༡༩༩༣ ནས་ ༡༩༩༧ བར་འཆར་འབུལ་ཕྱག་རྟགས་བཞིན་རུ་སོག་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱུང་དོན། ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༡༠ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་དང་ཆབས་ཅིག བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གསར་འཛུགས། རུ་སྐད་ཐོག་བོད་གནས་བརྙན་འཕྲིན་ Novasti Tibeta གྱི་རྩོམ་སྒྲིག་འགན་ཁུར་བཞེས། ཕྱི་ལོ་ ༡༩༩༧ ནས་ ༡༩༩༨ བར་རང་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དང་། ཕྱི་ལོ་ ༡༩༩༨ ནས་ ༡༩༩༩ བར་ཨ་རི་སྐུ་ཚབ་དོན་གཅོད་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་གནས་ཚུལ་མཁོ་སྤྲོད་དང་ཞུ་གཏུག་སོགས་གནང་། ཕྱི་ལོ་ ༡༩༩༩ ནས་ ༢༠༠༥ བར་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་མཛད་ཁུར་བཞེས། ཕྱི་ལོ་ ༢༠༠༥ ནས་ ༢༠༠༨ བར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༥ བར་ཨུ་རུ་སུ་དང་དེ་སྔོན་སྤྱི་མཐུན་རྒྱལ་ཁབ་ (commonwealth of Independent States) ཁག་གི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱུང་དོན་ཐུགས་འགན་བསྐྱངས། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༤ ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་མཛད་ཁུར་བཞེས་མུས་སྐབས་ཏེ། ཕྱི་ལོ་ ༢༠༡༦ ཟླ ༠༩ ཚེས་ ༢༦ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་ཐོན་བྱུང་བ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༠༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་ནས་ཁྲིམས་ཞིབ་པའི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༡ བར་ཁྲིམས་ཞིབ་པའི་མཛད་འཁུར་བསྐྱེད་བཞེས་གནང་ཡོད་པ་བཅས། །

Previous ༄༅། །ཌོ་ལན་ཇི་བོན་གཞིས་ས་གནས་འཐུས་ཚོགས་སྐབས་ ༩ པའི་ལས་འཁུར་དམ་འབུལ་ལེགས་གྲུབ།