འཕགས་པ་ཚེ་རིང་།
ཁྲིམས་ཞིབ་པའི་དུས་ཡུན་ ༢༠༢༥།༠༤།༠༧ ནས།
༄༅། །ཕྱི་ལོ་ ༡༩༦༥ ཟླ་ ༡༡ ཚེས་ ༧ ཉིན་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་ཉེ་འདབས་ས་དཀར་སྡེ་བ་རུ་འཁུངས། ཕྱི་ལོ་ ༡༩༧༣ ནས་ ༡༩༧༨ བར་སྡེ་བའི་ཉེ་འདབས་ཀྱི་སློབ་ཆུང་དུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༧༨ ལོར་ཡིག་རྒྱུགས་ལམ་ནས་བླ་བྲང་བསང་ཆུ་རྫོང་སློབ་འབྲིང་ནང་ཟླ་བ་འགའི་རིང་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༧༨ ནས་ ༡༩༨༥ ལོ་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༥ ནས་ ༡༩༨༩ ལོ་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་སྡེ་ཚན་དུ་སློབ་སྦྱོང་བྱས་ཏེ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཐོབ། ཕྱི་ལོ་ ༡༩༨༩ ལོ་ནས ༡༩༩༢ ལོ་བར་ཨ་མདོ་མདོ་ལྷོ་ཁུལ་(རྒྱ་གཞུང་གིས་ཀན་ལྷོ་ཟེར་) སྲིད་གཞུང་རྩོམ་སྒྱུར་ལས་ཁུངས་བོད་ཀྱི་སྐད་ཡིག་གཞུང་ལས་ཁང་དུ་ལས་ཀ་བྱས། ཕྱི་ལོ་ ༡༩༩༢ ཟླ ༡༡ ཚེས་ ༧ ཉིན་ཆབ་སྲིད་ཀྱི་རྐྱེན་གྱིས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར།
ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༦ ཉིན་ཡིག་རྒྱུགས་ལམ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲི་ཞུ་ལས་བྱེད་ཁོངས་ཚུད་པ་དང་ཚོད་ལྟའི་ཐོག་དྲུང་གཞོན་ལས་རོགས་ལ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༤ ནས་ཕྱི་ལོ་ ༡༩༩༨ ཟླ་ ༣ བར་དྲུང་གཞོན་ལས་རོགས་གནས་རིམ་ཐོག་བོད་གཞུང་བེད་སྲུང་ལས་ཁུངས་ཀྱི་བོད་གནས་ཉམས་ཞིབ་ཁང་ནང་དུ་ཉམས་ཞིབ་པའི་ལས་འགན་འཁུར། ཕྱི་ལོ་ ༡༩༩༨ ཟླ་ ༣ ནང་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༡༠ ནས་ཕྱི་ལོ་ ༢༠༠༠ ཟླ་ ༨ བར་ཐེ་ཝན་གཞུང་བཙུགས་ཀྲུང་ཧྲན་གཙུག་ལག་སློབ་ཆེན་རྒྱ་ནག་སྐམ་ས་ཆེན་མོ་ཉམས་ཞིབ་སྡེ་ཚན་དུ་སློབ་སྦྱོང་ཆེད་བསྐྱོད། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༡༦ ཉིན་མུ་མཐུད་དྲུང་གཞོན་གནས་རིམ་ཐོག་བདེ་སྲུང་ལས་ཁུངས་ཀྱི་བོད་གནས་ཉམས་ཞིབ་ཁང་དུ་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༢ ཟླ་ ༧ ནང་ཟུང་དྲུང་གནས་རིམ་ཐོག་གནས་སྤར་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༡ བར་བོད་གནས་ཉམས་ཞིབ་ཁང་གི་ཟུང་དྲུང་གི་ལས་འགན་འཁུར། ཕྱི་ལོ་ ༢༠༡༠ ཟླ་ ༡ ནང་དྲུང་ཆེ་ལས་འཕར་གྱི་གནས་རིམ་ཐོག་གནས་སྤར་གྱིས་བདེ་སྲུང་ལས་ཁུངས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༤ བར་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དང་བོད་མིའི་སྒྲིག་འཛུགས་སྲིད་ཇུས་ཉམས་ཞིབ་ཁང་གི་དྲུང་འཕར་གྱི་ལས་འགན་འཁུར། ཕྱི་ལོ་ ༢༠༡༤ ཟླ་ ༧ ནང་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༧ ནས་ཕྱི་ལོ་ ༢༠༡༦ ཟླ་ ༥ བར་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེའི་ལས་འགན་བཞེས་བཞིན་པའི་སྐབས།
སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡ པོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དུ་བདམས་ཐོན་གྱིས། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་བཀའ་བློན་གྱི་ལས་འཁུར་དམ་འབུལ་དང་། གསང་རྒྱའི་དམ་བཅའ་བཞེས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༥ པའི་ཟླ་མཇུག་ནས་ད་བར་རྒན་ཡོལ་དུ་བཞུགས་ཡོད་རུང་། ཉམས་ཞིབ་དང་ཡིག་སྒྱུར་ལམ་ནས་བོད་མི་རིགས་ལ་ཞབས་འདེབས་ཞུས་ཡོད་པ་དང་།
ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༩ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ལས་ཉིན་བཅུ་གཉིས་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་ཐོན་གྱིས། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༧ ཉིན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་དམ་འབུལ་བཞེས་གྲུབ་ཀྱིས་མཛད་འགན་བཞེས་མུས་སུ་ཡིན།།