༄༅།།ཕྱི་ལོ་ ༡༩༥༨ ཟླ་ ༧ ཚེས་ ༠༡ ཉིན་ཀོང་པོ་རྩེ་ལྷ་རྫོང་ཁོངས་ལ་མདོར་ཕ་པདྨ་ཚེ་རིང་ལགས་དང་། མ་ཚེ་རིང་ལགས་གཉིས་ཀྱི་རིགས་མྱུག་ཏུ་འཁྲུངས། རྡོ་གླིང་གཏན་སློབ་ནས་འཛིན་རིམ་བཅུ་པ་དང་། མ་སུ་རི་གཏན་སློབ་ནས་འཛིན་རིམ་བཅུ་གཅིག་མཐར་སོན་རྗེས་ཤེས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས་གཉིས་ཀྱི་བཀའ་དགོངས་བཞིན་དྭང་སློབ་དྲག་ཞབས་སུ་འཛུལ་ཞུགས་ཀྱིས་ལོ་ངོ་བརྒྱད་ལྷག་ཞབས་འདེགས་ཞུས། ཕྱི་ལོ་ ༡༩༧༧ ལོར་རང་གཞུང་དཔལ་ལྡན་བཀའ་ཤག་གི་ཐད་ཀར་འཛིན་སྐྱོང་འོག་ལྡི་ལིར་ལོ་གཅིག་རིང་ཆབ་སྲིད་འཛིན་སྐྱོང་ལ་མཁོ་གནད་ཆེ་བའི་ལས་རིགས་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༣ ནས་ ༡༩༨༩ བར་བདེ་སྐྱིད་སླར་གསོ་མཉམ་འབྲེལ་ནང་རང་ཁོངས་ལས་བྱེད་ཀྱི་ངོ་བོར་སྲི་ཞུ་བསྒྲུབས། ཕྱི་ལོ་ ༡༩༨༩ ཟླ་ ༧ ཚེས་ ༡ ནས་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཐོག་མར་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ལས་ཁང་གི་ལས་དྲུང་དང་། ཕྱི་ལོ་ ༡༩༩༤ ནས་ལས་དོའི་གནས་རིམ་ཐོག་ཧོན་སུར་རབ་རྒྱས་གླིང་གི་མཉམ་དྲུང་གནང་མུར་ཕྱི་ལོ་ ༡༩༩༦ ནང་སྡེ་འགན་གནས་རིམ་དུ་གནས་སྤར་བྱུང་ཡོད། ཕྱི་ལོ་ ༡༩༩༨ ལོར་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་འོག་ཨི་སེ་རེལ་དུ་མཉམ་འབྲེལ་གྱི་ལས་གཞི་ཁག་དང་དངུལ་ཁང་ཆུང་ཁག་གི་ལས་དོན་བྱེད་ཕྱོགས་སྐོར་ཟབ་སྦྱོང་དུ་བསྐྱོད། ཕྱིར་འཁོར་མཚམས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་དྲུང་ཆེ་དང་། ཕྱི་ལོ་ ༡༩༩༩ ནང་དྲུང་ལས་གནས་རིམ་ཐོག་སྦེལ་ཀོབ་ལུགས་བསམ་གྱི་མཉམ་འབྲེལ་དྲུང་ཆེ་བཅས་ཀྱི་ཐུགས་འགན་བཞེས།

ཕྱི་ལོ་ ༢༠༠༡ ནས་ ༢༠༠༦ བར་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་གནང་། དེའི་བར་དེར་ཕྱི་ལོ་ ༢༠༠༢ ལོར་དྲུང་གཞོན་གནས་རིམ་དུ་གནས་སྤར་བྱུང་བ་དང་། ཕྱི་ལོ་ ༢༠༠༤ ལོར་ས་གནས་འགོ་འཛིན་ལས་ཁང་གི་ལས་བྱེད་ཐུན་མོང་ནས་འབད་འབུངས་ཞུས་ཏེ་ལས་དོན་གཟེངས་ཐོན་བྱུང་བར་སུད་སི་བོད་མིའི་གཟེངས་རྟགས་ཐོབ། ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་ལོ་ངོ་གཉིས་རིང་ཞབས་གཡར་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས།

ཕྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་ཟུང་དྲུང་གནས་རིམ་ཐོག་མན་སྤར་ཕན་བདེ་གླིང་དང་། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ནས་ཕྱི་ལོ་ ༢༠༡༣ ཟླ་ ༡ བར་ཟུང་དྲུང་གནས་རིམ་ཐོག་སྒང་ཏོག་ཕྱི་ལོ་ ༢༠༡༣ ཟླ་ ༢ ནས་ ༢༠༡༥ བར་སྦེལ་ཀོབ་ལུགས་བསམ་བཅས་གཞིས་ཆགས་སོ་སོར་ས་གནས་འགོ་འཛིན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༢༠༡༥ ནང་དྲུང་ཆེ་ལས་འཕར་དུ་གནས་སྤར་དང་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་སྤྱི་ཁྱབ་ལྷོ་སྤྱིར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༦ ནང་ཆོས་རིག་ལས་ཁུངས་སུ་གནས་སྤོས་ཀྱིས་༸དཔལ་རྒྱལ་བ་ཀརྨ་པའི་སྣེ་ཤན་པའི་ལས་འགན་ཞུས་བཞིན་པའི་སྐབས་སུ།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱིས་མཛད་འགན་བཞེས་མུས་ཐོག་ཕྱི་ལོ་ ༢༠༢༡  ཟླ་ ༡༡ ཚེས་ ༡༥ ནས་ཁྲིམས་ཞིབ་པ་ཆེ་བ་ཁྲིམས་ལུགས་ལྟར་འོས་ཐོན་མ་བྱུང་བར་དུ་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀྱི་མཛད་འགན་བཞེས་ཏེ་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༣༠ ནས་བགྲེས་ཡོལ་དུ་ཕེབས། །