༄༅།།ཕྱི་ལོ་ ༡༩༥༡ ལོར་བོད་གཉའ་ནང་རྫོང་ཚོང་འདུས་སུ་འཁྲུངས་པ་དང་༌། ཕྱི་ལོ་ ༡༩༥༧ དགུང་ལོ་བདུན་ལ་ཕེབས་སྐབས་བོད་ཡིག་འབྲི་ཀློག་དབུ་འཛུགས་གནང༌་། བཙན་བྱོལ་དུ་ཕེབས་རྗེས་བལ་ཡུལ་ཁུལ་བོད་ཨིན་བལ་གསུམ་གྱི་སློབ་སྦྱོང་མུ་མཐུད་གནང༌མུར། ཕྱི་ལོ་ ༡༩༦༢ ལོར་རྡ་ཤོད་ཟུར་གསོག་སློབ་གྲྭར་སྒྲིག་ཞུགས་གནང་༌། ཕྱི་ལོ་ ༡༩༦༣ ནས་ ༡༩༧༡ ལོ་བར་མ་སུ་རི་བོད་ཁྱིམ་དུ་འབྲིང་རིམ་གྱི་སློབ་སྦྱོང་མཐར་ཕྱིན། དེ་གར་སློབ་ཞུགས་གནང་རིང་བོད་ཁྱིམ་ཁོངས་སློབ་བུ་རྩེ་ཕུད་ཀྱི་གཟེངས་བསྟོད་དང་༌། འཛིན་གྲྭའི་ཤེས་ཡོན་ཨང་དང་པོའི་བྱ་དགའ་ཐེངས་མང་ཐོབ་ཡོད། སློབ་གྲྭའི་རྒན་བདག་དང༌།ཁྱིམ་ཚང་བཅུ་དཔོན། སྐྱོར་དཔོན་སོགས་ཀྱི་ལས་ཁུར་ཞུས། ཕྱི་ལོ་ ༡༩༧༡ ལོར་གཞུང་ཞབས་ནང་སྒྲིག་ཞུགས་ཐོག་བདེ་ནང་དུ་ལས་ཀ་བཀོད་སྒྲིག་གནང༌། དེ་རྗེས་གཞོན་དྲུང་གནས་རིམ་ཐོག་འབུམ་སྡེ་ལ་བདེ་དོན་ལས་ཁང་གི་དབྱིན་དྲུང་དང་། ས་གནས་བདེ་དོན་གནང་། ཕྱི་ལོ་ ༡༩༧༦ ལོར་ནང་སྲིད་ལས་ཁུངས་སུ་གནས་སྤོས་དང་ཕྱི་ལོ་ ༡༩༧༨ ལོར་དྲུང་གཞོན་དུ་གནས་སྤར་གནང༌་། དུས་ཡུན་དེའི་ནང་ལས་བྱེད་བདག་གཉེར་ཁང་གི་ཚོགས་མི་དང་། རྡ་ས་ས་གནས་གཞོན་ནུའི་གངས་སྐྱིད་རུ་དཔོན་སོགས་ཀྱི་ཕྱག་ལས་གནང༌་། ཕྱི་ལོ་ ༡༩༨༧ ལོར་བཀའ་དྲུང་ཡིག་ཚང་དུ་གནས་སྤོས་གནང་སྟེ་དྲུང་གཞོན་ལས་གནས་ཐོག་སྦིར་སློབ་གྲར་ལྟ་རྟོག་དང་འབྲེལ་མཐུད་ལས་དོན་རྐང་ལེན་ཞུས། ཕྱི་ལོ་ ༡༩༨༨ ལོར་ཤེས་རིག་ལས་ཁུངས་སུ་གནས་སྤོས་དང་༌། ལོ་དེར་མ་སུ་རི་བོད་ཁྱིམ་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༣ ལོར་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེར་བསྐོ་གཞག་གནང་༌། ཕྱི་ལོ་ ༡༩༩༧ ལོར་སྤྱི་ཁྱབ་ཁྲིམས་དྲུང་གི་ལས་འཁུར་དམ་བཅའ་ཕུལ།

ཕྱི་ལོ་ ༢༠༠༢ ཟླ་ ༣ ཚེས་ ༢༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ་བཞེས་ཤིང་། ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༤ ཉིན་ཁྲིམས་ཞིབ་པ་ཆེ་བའི་མཛད་ཁུར་དམ་འབུལ་གྱིས། ༢༠༠༩ ཟླ་ ༡༠ ཚེས་ ༡༣ ཉིན་བགྲེས་ཡོལ་དུ་ཕེབས།