༄༅།།ཕྱི་ལོ་ ༡༩༤༨ ལོར་བོད་དབུས་གཙང་གཉའ་ལམ་ཚོང་འདུས་སུ་འཁྲུངས་པ་དང་༌། རང་ལོ་བདུན་ལ་སོན་སྐབས་གཉའ་ལམ་དགའ་ལྡན་འཕེལ་རྒྱས་གླིང་དགོན་པར་ཆོས་ཞུགས་གནང་༌། ཕྱི་ལོ་ ༡༩༦༠ ལོར་ཕ་མ་གཉིས་དང་ལྷན་དུ་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཕེབས་ཏེ་སློབ་གྲྭར་ཞུགས། དེ་རྗེས་མ་སུ་རིར་ཨོ་ཀེན་ཌན་ཝན་ཅར་སློབ་གྲྭར་འཛུལ་ཞུགས་གནང་༌སྟེ་སློབ་མཐར་ཕྱིན་རྗེས་སྦིར་བོད་ཚོགས་བཟོ་གཞིས་ལས་ཁང་དུ་ལས་དྲུང་གི་འགན་བཞེས། ཕྱི་ལོ་ ༡༩༦༩ ལོར་ལྡི་ལིར་གཞུང་འབྲེལ་དམིགས་བསལ་ལས་བྱེད་སློབ་སྦྱོང་ནང་འཛུལ་ཞུགས་གནང་སྟེ་དུས་ཡུན་ལོ་གཅིག་རིང་ལས་བྱེད་ཀྱི་སྦྱོང་བརྡར་གནང་༌། དེ་ནས་ནང་སྲིད་དང་བདེ་སྲུང་བཅས་སུ་ལས་དྲུང་གི་ཞབས་ཞུ་བསྒྲུབས། ཕྱི་ལོ་ ༡༩༧༡ ལོར་ལ་དྭགས་སླེ་བསོད་ནམས་གླིང་གཞིས་ཆགས་གསར་འཛུགས་སྐབས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྐད་དྲུང་དུ་བསྐོ་གཞག་བསྩལ་བ་ལྟར་ཕྱི་ལོ་ ༡༩༨༡ བར་ཞབས་ཞུ་བསྒྲུབས། དེ་ནས་བལ་ཡུལ་ར་སོ་རྒི་རི་དགེ་རྒྱས་གླིང་གཞིས་འགོའི་ལས་ཁུར་བཞེས་ཏེ་ཕྱི་ལོ་ ༡༩༨༤ ལོར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་རྒན་དྲུང་དུ་གནས་སྤོ་བསྩལ། དེ་ནས་གནས་རིམ་རིམ་འཕར་གྱིས་དྲུང་གཞོན་དང་༌། ཟུང་དྲུང་༌། དྲུང་ཆེ་ལས་འཕར་གྱི་ལས་ཁུར་དང་བཅས་ཕྱི་ལོ་ ༡༩༩༦ བར་མི་ལོ་ ༡༣ རིང་ཞབས་ཞུ་བསྒྲུབས། དེ་རྗེས་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་བཟོ་གཞིས་ལས་ཁང་གི་འགོ་འཛིན་དུ་གནས་སྤོ་གནང་༌། ༡༩༩༧ ལོར་བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་བཟོ་གཞིས་ཀྱི་འགན་འཛིན་དུ་བསྐོ་གཞག་བྱུང་སྟེ་ལོ་གསུམ་རིང་ལས་ཁུར་བླངས། ཕྱི་ལོ་ ༢༠༠༠ ལོར་དྲུང་འཕར་དུ་གནས་སྤར་གྱིས་དབུས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དུ་གནས་སྤོས་གནང་། ཕྱི་ལོ་ ༢༠༠༡ ལོར་སྡེ་ར་ལྡུན་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཐོག་མར་ཟུར་འཛུགས་གནང་སྐབས་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་གནང་དོན་བཞིན་ལོ་ལྔའི་རིང་མཛད་ཁུར་བཞེས་ཤིང་། ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༧ ནས་སླར་ཡང་ས་གནས་ཁྲིམས་ཞིབ་པར་ཆོད་གན་ཐོག་མུ་མཐུད་ལོ་གཅིག་རིང་བསྐོ་གཞག་བསྩལ་བ་བཞིན་མཛད་ཁུར་བཞེས།

ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༦ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་གྱིས་མཛད་ཁུར་བཞེས་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ ཉིན་དགུང་ནའི་བབ་ཀྱིས་བགྲེས་ཡོལ་དུ་ཕེབས།