༄༅། །ཕྱི་ལོ་ ༡༩༥༦ ཟླ་ ༡༡ ཚེས་ ༡༤ ཉིན་བོད་དབུས་དྭགས་པོ་སྐུ་རབ་རྣམ་རྒྱལ་རྫོང་ཁོངས་རྩེ་ལེ་ལ་མཁར་ཤག་ཁྱིམ་ཚང་དུ་འཁྲུངས། བོད་ས་རྒྱ་དམར་གྱིས་བཙན་འཛུལ་རྗེས་ཕ་མ་གཉིས་དང་སྤུན་མཆེད་མཉམ་ ༡༩༦༢ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཏེ་རྡོར་གླིང་བོད་གཞུང་སློབ་གྲྭར་འཛུལ་ཞུགས་ཀྱིས་ ༡༩༧༣ ལོར་སློབ་གྲྭ་ཐོན། དེ་ནས་ཕྱི་ལོ་ ༡༩༧༧ ལོར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ (Delhi University) རྒྱལ་རབས་ལོ་རྒྱུས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B. A) དང། ༡༩༧༩ ལོར་གཙུག་ལག་རབ་འབྱམས་པ་ (M. A)ཐོན། ཕྱི་ལོ་ ༡༩༨༠ ལོར་ལྡི་ལི་ Jamia Milia Islamia University ནས་དགེ་རྒན་འོས་སྦྱོང་ (B.Ed) ཐོན། ཕྱི་ལོ་ ༡༩༩༤ ལོར་ཨ་རི་ཧར་ཝ་ཌ་གཙུག་ལག་སློབ་གཉེར་ཁང་ (John F Kennedy School of Government, Harvard University) ནས་འཛིན་སྐྱོང་འབྲེལ་ལམ་རིག་པའི་གཙུག་ལག་རབ་འབྱམས་པ་ (Master of Public Administration) ཐོན། ལྡི་ལིར་སློབ་གཉེར་བྱེད་སྐབས། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་གཙོའི་འགན་ཁུར་ཏེ་ཆབ་སྲིད་ཀྱི་ལས་འགུལ་སྣེ་མང་སྤེལ།

༡༩༧༩ ལོར། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་དང་བླངས་དགེ་རྒན་གཏོང་འཆར་བཀའ་སློབ་ཕེབས་པ་ལྟར། ལྡི་ལིར་དང་བླངས་པ་མི་བཞི་ཐོན་པའི་གྲས་ཡིན་ལ། མཐོ་སློབ་ཐོན་རྗེས་ ༡༩༨༠ ནས་ ༡༩༨༣ བར་སྡེ་ར་ལྡུན་དང་ཞབས་སློབ་གྲྭར་དགེ་རྒན་བྱས། ཕྱི་ལོ་ ༡༩༨༡ ནས་ ༡༩༨༣ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང། ༡༩༨༣ ནས་ ༡༩༨༦ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་ཞུས། ཕྱི་ལོ་ ༡༩༨༤ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་བོད་མི་ཚོས་སྒེར་ལངས་བྱས་ཏེ་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཏེ། ལྡི་ལིར་རྒྱ་མིའི་ཅ་དངོས་མེར་སྲེག་དང་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་དང་། ལོ་དེའི་ཟླ་ ༣ ཚེས་ ༡༢ ཉིན་དབུས་གཞོན་ལྷན་གྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ཚོས་ལྷ་སར་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་ལོ་ ༢༥ འཁོར་བའི་དུས་དྲན་ཐོག་མ་དེ་ལྡི་ལིར་སྲུང་བརྩི་ཞུས། བོད་ཀྱི་བུད་མེད་ལྷན་ཚོགས་བསྐྱར་གསོ་ཡོང་སླད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ནས་མཐུན་འགྱུར་རོགས་རམ་གང་ཡོང་བྱས་ཡོད། ༡༩༨༩ ནས་ ༡༩༩༢ བར་བསྐྱར་དུ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་བྱས།

ཕྱི་ལོ་ ༡༩༨༧ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ཆབ་སྲིད་ཉམས་ཞིབ་སྡེ་ཚན་ནང་ལས་འཁུར་ཞུས། ༡༩༨༨ ལོར་རྒན་དྲུང་གནས་རིམ་ཐོག་བཀའ་དྲུང་ཡིག་ཚང་དུ་གཞུང་ཞབས་ངོ་མར་བསྐོ་གཞག་གནང་སྟེ། བོད་རྒྱ་ཞི་མོལ་སྐུ་ཚབ་ཀྱི་ལས་བྱའི་འགན་ཁུར་བླངས། ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་སྐབས་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང། ཕྱི་ལོ་ ༡༩༩༡ བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པ་འོས་བསྡུའི་སྐབས་འོས་བསྡུ་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་གནང། ༡༩༩༡ ཟླ་ ༣ ནས་ལོ་གཅིག་རིང་རྒྱལ་སྤྱིའི་བོད་ཀྱི་ལོ་སྲུང་བརྩི་ཞུ་རྒྱུའི་ཚོགས་ཆུང་གི་འབྲེལ་མཐུ་པའི་ལས་ཁུར་ཞུས། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གསར་འཛུགས་གནང་བ་ནས་བཟུང་ཕྱི་ལོ་ ༢༠༡༩ བར་ཚོགས་ཆུང་གི་ཚོགས་མི། ༡༩༩༤ ལོའི་ཟླ ༤ ནང་། བཀའ་ཤག་གིས་ཕྱི་དྲིལ་ལས་ཁུངས་སུ་རྒྱ་གར་དང་རྒྱ་ནག་ཚན་པ་གསར་འཛུགས་གནང་བའི་འགན་འཛིན་དུ་བསྐོ་གཞག་གནང་།

ཕྱི་ལོ་ ༡༩༩༨ ནས་ ༡༩༩༩ བར་ལྡི་ལི་སྐུ་ཚབ་དོན་གཅོད་ཁག་གི་དྲུང་ཆེའི་ལས་ཁུར་བླངས། ཕྱི་ལོ་ ༢༠༠༢ ནས་ ༢༠༠༨ བར་སྤྱི་ནོར་༸གོང་ས༌༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མིའི་ཁོངས་བོད་དང་རྒྱ་ནག་ཏུ་བསྐྱོད་པ་སོགས་ཚོགས་ཆུང་འདྲ་མིན་མང་པོའི་ནང་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༩ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤར་གནས་སྤོས་ཀྱིས་ཕྱི་ལོ་ ༢༠༠༤ ལོར་ཕྱི་འབྲེལ་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༠ ནས་༢༠༡༩ བར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྔ་རྗེས་ཐེངས་ ༨ དང་། དམིགས་བསལ་ཚོགས་ཆེན་ ༡ བཅས་ཀྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་འགན་ཁུར་བླངས་ཤིང་། ཕྱི་ལོ་ ༢༠༠༩ དང་ ༢༠༡༨ སོ་སོར་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་ལས་འཆར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་འགན་བླངས། ཕྱི་ལོ་ ༢༠༠༩ ནས་ ༢༠༡༤ བར་ཨོ་སི་ཊི་ལི་ཡ་དང་། ནིའུ་ཛར་ལཎྜ། ལྷོ་ཤར་ཨེ་ཤེ་ཡའི་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་ཞུས། དུས་ཡུན་དེའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲི་ལི་ཡར་ཕྱི་ལོ་ ༢༠༠༩ དང་། ༢༠༡༡ དང་། ༢༠༡༣ བཅས་སུ་ཆིབས་བསྒྱུར་གོ་སྒྲིག་དང་། ནིའུ་ཛར་ལན་དུ་ཕྱི་ལོ་ ༢༠༠༩ དང་། ༢༠༡༡ དང་། ༢༠༡༢ བཅས་སོ་སོར་ཆིབས་བསྒྱུར་གོ་སྒྲིག་ཞུས་པ་དང་།ཨོ་སི་ཀྲི་ལི་ཡའི་གཞུང་ལ་ཞུ་སྐུལ་གྱིས་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་འབྲེལ་ཡོད་གཞིས་སྤོས་ཀྱི་གྲངས་འབོར་ ༢༥ ནས་ ༣༠༠ བར་སྤར་ཆ་བྱེད་ཐུབ་ཡོད།

ཕྱི་ལོ་ ༢༠༡༤ ལོར་བསྐྱར་དུ་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་འབྲེལ་དྲུང་ཆེར་གནས་སྤོས་བྱས་པ་དང་། རྒྱ་རིགས་ཚོར་བོད་དོན་གོ་རྟོགས་སྤེལ་སླད། ༢༠༡༤ དང་ ༢༠༡༦ སོ་སོར་སིད་ནི་དང་། ཐའེ་ཝན་བཅས་སུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་ཚོགས་འདུར་མཉམ་ཞུགས་བྱས་པས་མཚོན། བོད་རྒྱའི་འདུ་འདོམས་ཁག་མང་པོར་བཅར་ཞུགས་བྱས་ཤིང་། རྒྱལ་སྤྱིའི་ ༥ དང་ ༥༠ ཚོགས་འདུ་དང་། ན་གཞོན་ ༥ དང་ ༥༠ ཚོགས་འདུ་ཁག་གཉིས་བཅས་པའི་གོ་སྒྲིག་ཚོགས་ཆུང་གི་འགན་ཁུར་ཞུས། ཇི་ནི་ཝ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྒྱལ་ཁབ་ཁག་གི་གཞུང་ཚབ་པར་ཞུ་སྐུལ་དང་། ཚོགས་ཆེན་ལ་ཚོགས་བཅར་སྔ་རྗེས་ཐེངས་ ༣ ཞུས།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱིས། རང་ལོ་ ༦༥ ཧྲིལ་པོར་ལོན་སྟེ་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༤ ཉིན་བགྲེས་ཡོལ་དུ་ཕེབས།