༄༅།།སྟོད་ཤེལ་དཀར་རྫོང་ཁོངས་གྱེ་ཚང་ཡུལ་པའི་འགོ་དཔོན་ཕ་གྱེ་གྲོང་ཚེ་རིང་ནོར་བུ་ལགས་དང༌་། མ་ན་མེ་བླ་ཁང་ཕུར་བུ་སྒྲོལ་མ་ལགས་གཉིས་ཀྱི་རིགས་མྱུག་ཏུ་ཕྱི་ལོ་ ༡༩༥༢ ཟླ་ ༡༠ ཚེས་ ༢ ཉིན་འཁྲུངས་ཤིང༌་། རང་ལོ་ ༧ སོན་སྐབས་བོད་ཀྱི་རིག་གཞུང་དང་༌། ཡིག་རྩིས་ལ་སློབ་གཉེར་གནང་། ཕྱི་ལོ་༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་མ་ཐག་རྒྱ་གར་ནང་ཕྱི་ནང་གཉིས་ཀྱི་སློབ་སྦྱོང་གནང་རྒྱུའི་གོ་སྐབས་ཐོབ་པ་དང༌། དེ་ནས་ལས་བྱེད་ཀྱི་སློབ་ཐོན་རྗེས་ཕྱི་ལོ་ ༡༩༧༣ ནས་གཞིས་ཆགས་དང་མཉམ་འབྲེལ་འདྲ་མིན་ཁག་ཏུ་ཕྱག་ལས་རྒྱ་ཆེ་གནང་ཡོད། དེ་ཡང་མཉམ་འབྲེལ་དངུལ་གཉེར་དང་༌། རུམ་འཐག་བཟོ་གྲྭའི་འགན་འཛིན། མཉམ་འབྲེལ་དྲུང་ཆེ། ས་གནས་འགོ་འཛིན།མཉམ་འབྲེལ་ཚོགས་གཙོ། ས་གནས་གཞོན་ནུའི་དྲུང་ཆེ་དང་ཚོགས་གཙོ། ས་གནས་འོས་བསྡུའི་འགན་འཛིན། ས་གནས་འཕགས་བོད་མཛའ་འབྲེལ་གྱི་དྲུང་ཆེ། སྦིར་དང་ལ་དྭགས་ས་ཁུལ་ས་གནས་འཆར་འགོད་ལས་འཛིན་པ། ལྡི་ལི་དོན་གཅོད་ཁང་དུ་རྩིས་འབྲེལ་ལས་དོན། དཔལ་འབྱོར་ལས་ཁུངས་སུ་རྩིས་འབྲེལ་ལས་དོན་དང་གནས་འབྲེལ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཟུང་འབྲེལ་དྲུང་ཆེ་དང༌། དྲུང་ཆེ་ལས་འཕར་གྱི་གནས་རིམ་ཐོག་ཁྲིམས་ཡིག་ཁག་གསུམ་གྱི་རྩོམ་སྒྲིག་ཚོགས་མི་དང་ཁྲིམས་འབྲེལ་འཛིན་སྐྱོང་དང་བཅས་པའི་ལས་འགན་བཞེས་མྱོང་ཡོད་པ་མ་ཟད། བཀའ་དྲུང་ཡིག་ཚང་དུ་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་པ་མཆོག་གིས་དབུས་བཀའ་ཤག་ལྷན་ཚོགས་སུ་ཚོགས་དྲུང་གི་མཐུན་འགྱུར་ཞུ་རྒྱུ་དང་༌། རྒྱུན་དུ་བཀའ་དྲུང་ལས་འཕར་གྱི་ལས་འགན། བཀའ་དྲུང་མ་བཞུགས་པའི་སྐབས་སུ་བཀའ་དྲུང་ལས་ཚབ་སོགས་ཀྱི་ལས་འགན་བཞེས་ཡོད། དེ་ཡང་ལོ་ཡུན་གཅིག་ཙམ་རིང་བཀའ་དྲུང་ལས་ཚབ་ཀྱི་ལས་འགན་སྤྱི་དང༌་། བྱེ་བྲག་བཀའ་ཤག་སྐབས་བཅུ་གཅིག་པའི་སྐབས་དུས་ཐུང་བོད་གཞུང་གི་སྤྱི་ཁྱབ་ཁྲིམས་རྩོད་པར་བསྐོ་གཞག་གནང་ཡོད། ཕྱི་ལོ་ ༢༠༠༦ ཟླ་ ༡ ཚེས་ ༢༦ ཉིན་དྲུང་ཡིག་ཆེན་མོར་གནས་སྤར་དང་སྦྲགས་ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༡༦ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་ལས་འགན་བསྐོ་གཞག་གནང་བ་ལྟར་མཛད་འགན་བཞེས། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༢ ཉིན་ཚོགས་དྲུང་དུ་གནས་སྤོ་བསྐོ་གཞག་བྱུང་ཡང་དུས་ཚོད་ཀྱི་རྐྱེན་པས་ལས་བཅར་ཞུ་མ་དགོས་པར་བགྲེས་ཡོལ་སྔ་སྣུར་ཞུས།

ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཁུར་ལས་ཁུར་དམ་འབུལ་གྱིས་མཛད་ཁུར་བཞེས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ ཉིན་ནས་མཛད་ཁུར་དགོངས་པ་སྔ་སྣུར་ཞུས།