༄༅། །སྟོད་མངའ་རིས་རོང་ཆུང་སྲིབ་སྐྱིད་ཁྱིམ་འོག་མའི་གྲོང་ཁྱིམ་དུ་ཕ་ཚེ་བརྟན་དོན་གྲུབ་དང་མ་བསོད་ནམས་མཚོ་མོ་གཉིས་ཀྱི་རིགས་མྱུག་ཏུ་ཕྱི་ལོ་ ༡༩༥༧ ལོར་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་ཕ་མ་སྤུན་མཆེད་དང་ལྷན་དུ་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༦༥ ལོར་སིམ་ལ་གཏན་སློབ་ཏུ་འཛུལ་ཞུགས་ཀྱིས་འཛིན་གྲྭ་ ༦ པ་བར་དང་། རིམ་བཞིན་མོན་གྷོ་གཞིས་ཆགས་སློབ་གྲྭར་འཛིན་གྲྭ་ ༩ པ་བར། མ་སུ་རི་གཏན་སློབ་ཏུ་འཛིན་གྲྭ་ ༡༠ པ། ཕྱི་ལོ་ ༡༩༧༦ ལོར་རྡོར་གླིང་གཏན་སློབ་ནས་འཛིན་རིམ་ ༡༡ ཐོན་པ་དང་། ཕྱི་ལོ་ ༡༩༧༦ ནས་ཕྱི་ལོ་ ༡༩༧༩ བར་རྩིས་རིག་ཐོག་སློབ་སྦྱོང་གནང་སྟེ་མཐོ་སློབ་མཐར་སོན། ཕྱི་ལོ་ ༡༩༨༠ ཟླ་ ༥ ཚེས་ ༡༥ ནས་བཟུང་བོད་གཞུང་གི་སྲི་ཞུའི་ལས་ལ་ཞུགས་ཏེ་ ༡༩༨༡ ཟླ་༦ བར་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་གཞོན་དྲུང་གི་ལས་འཁུར་ཞུས། ༡༩༨༡ ཟླ་ ༠༧ ནས་ ༡༩༨༤ ཟླ་ ༡༠ ལོ་གསུམ་རིང་སློབ་སྦྱོང་ཆེད་དགོངས་པ་ཞུས་ཏེ་སྦེང་ལོར་ K.V.Hariharan & Co. Chartered Accountant འོག་ཆེས་མཐོའི་རྩིས་ཞིབ་པའི་ཉམས་གསོག་སྦྱོང་བརྡར་(Article ship) ལེགས་པར་ཟིན། ༡༩༨༤ ནས་ ༡༩༨༧ བར་རྩིས་ཞིབ་ལས་ཁང་གི་རྒན་དྲུང་དང་། ༡༩༨༧ ནས་ ༡༩༩༢ བར་རྩིས་ཞིབ་ལས་ཁང་གི་དྲུང་གཞོན། ༡༩༩༢ ནས་ ༡༩༩༣ བར་རྩིས་ཞིབ་ལས་ཁང་གི་ཟུང་དྲུང་། ༡༩༩༣ ནས་ ༡༩༩༦ བར་ཟུང་དྲུང་གནས་རིམ་ཐོག་རྩིས་ཞིབ་ལས་ཁང་གི་དྲུང་ཆེའི་མཛད་འགན་བཞེས། ༡༩༩༦ ནས་ ༡༩༩༩ བར་དྲུང་འཕར་དུ་གནས་སྤར་དང་རྩིས་ཞིབ་དྲུང་ཆེའི་མཛད་འགན་མུ་མཐུད་བཞེས། ༡༩༩༩ ནས་ ༢༠༠༡བར་དྲུང་ཆེར་གནས་སྤར་དང་རྩིས་ཞིབ་དྲུང་ཆེའི་མཛད་འགན་མུ་མཐུད་བཞེས། ༢༠༠༡ ནས་ ༢༠༠༢ བར་ Fulbright སློབ་ཡོན་ཐོག་ལོ་གཅིག་རིང་ཨ་རིའི་ Rochester Institute of Technology མཐོ་སློབ་ནང་རྩིས་དང་དཔལ་འབྱོར་རིག་པའི་སྐོར་སློབ་སྦྱོང་གནང་སྟེ་སྦྱངས་འབྲས་ཡིག་རྒྱུགས་ཁག་ནང་སློབ་སྦྱོང་རྩེ་ཕུད་ Dean’s List མཚན་སྙན་ཐོབ། ཨ་རི་ནས་ཕྱིར་ལོག་གནང་སྟེ་མུ་མཐུད་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེའི་མཛད་འགན་བཞེས་བཞིན་པའི་སྐབས།

ཕྱི་ལོ་ ༢༠༠༤ ཟླ་ ༨ ཚེས་ ༡༣ ཉིན་རྩིས་ཞིབ་སྤྱི་ཁྱབ་པར་བསྐོ་གཞག་བསྩལ་ཏེ། ཕྱི་ལོ་ ༢༠༠༤ ཟླ་ ༩ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་སྔར་རྩིས་ཞིབ་སྤྱི་ཁྱབ་པའི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱིས་མཛད་འཁུར་བཞེས་ཤིང་། ༢༠༡༤ ལོར་རྩིས་ཞིབ་སྤྱི་ཁྱབ་པའི་ལས་ཡུན་ཞབས་ལོ་ ༡༠ ཧྲིལ་པོ་གཙང་ཡོད་པ་དང་། ༢༠༡༤ ཟླ་ ༡༠ ཚེས་ ༡༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༥ ཉིན་ཁྲིམས་ཞིབ་པ་ཆེ་བའི་ལས་ཡུན་ལོ་ ༥ ཧྲིལ་པོ་གཙང་སྟེ་བགྲེས་ཡོལ་དུ་ཕེབས།