༄༅།།ཕྱི་ལོ་ ༡༩༣༩ ལོར་འཁྲུངས་པ་དང་། དགུང་ལོ་དྲུག་ལ་སོན་སྐབས་བོད་ཡིག་སློབ་སྦྱོང་གནང་། དེ་རྗེས་བྱ་དུར་གཡུང་དྲུང་ཀུན་བསྒྲགས་གླིང་དགོན་པར་སྒྲིག་ཞུགས་གནང་སྟེ་དགོན་པའི་འདོན་ཆོག་སོགས་བློ་འཛིན་སློབ་སྦྱོང་དང་། དགོན་པའི་གཉེར་ཚབ་སོགས་ཀྱི་ལས་སྣེའི་ཞབས་ཞུ་གནང་། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་ལ་ཕེབས་རྗེས་ཀུ་ལུ་དང་སིམ་ལ་ཁུལ་དུ་རང་རིགས་ལམ་བཟོ་བའི་འགོ་འཛིན་དང་། སྐད་སྒྱུར་སོགས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༦ ལོར་བོན་གཞིས་གསར་འཛུགས་ཀྱི་ས་གཞིས་ཐབས་འཚོལ་སོགས་ལས་དོན་ལྷུར་བཞེས་གནང་། ཕྱི་ལོ་ ༡༩༧༨ ལོར་བོན་གཞིས་མི་མང་གི་རེ་འདུན་ལྟར་གཞིས་འགོའི་ཐུགས་འགན་དང་། ས་གནས་གཞོན་ནུའི་ཚོགས་གཙོའི་ལས་ཁུར་ཞུས། ཕྱི་ལོ་ ༡༩༨༢ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་པ་དང་། དེ་རྗེས་སླར་ཡང་སྐབས་དགུ་པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་འཆར་འབུལ་ཕྱག་རྟགས་སྤྱི་ཕེབས་ལྟར་མཛད་ཁུར་བཞེས། སྐབས་བཅུ་པ་ནས་བཅུ་གསུམ་བར་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་མུ་མཐུད་འོས་འདེམས་བྱུང་བ་དང་། སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་འོས་འདེམས་བྱུང་། ཕྱི་ལོ་ ༢༠༠༡ ཟླ་ ༣ པའི་ནང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་སླར་ཡང་ཚོགས་གཙོ་གཞོན་པར་སྤྱི་མོས་འོས་ཐོན་བྱུང་ནས་མཛད་འཁུར་བཞེས་མུར།

ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༢༦ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ་བཞེས་པ་དང་། ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༡ ཉིན་ཁྲིམས་ཞིབ་པ་ཆེ་བའི་མཛད་ཁུར་དམ་འབུལ་གྱིས། ༢༠༠༤ ཕྱི་ཟླ་ ༩ ཚེས་ ༢༨ ཉིན་དགུང་ནའི་བབ་ཀྱིས་བགྲེས་ཡོལ་དུ་ཕེབས།