༄༅།།ཡབ་ལྷུན་གྲུབ་སྐལ་བཟང་གི་སྲས་སུ་ ༡༩༤༢ ལོར་ལྷ་སར་སྐུ་འཁྲུངས།བོད་ནང་བཞུགས་རིང་བོད་ཡིག་སློབ་སྦྱོང་གནང་ཞིང་༌། གྲ་བཞི་ཁ་དང་དམག་ཁོངས་སུ་སྒྲིག་ཞུགས་གནང་། ༡༩༥༩ ཟླ་བ་ ༣ ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲུང་ཆིབས་ཞབས་ཁོངས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས། མ་སུ་རིར་ ༡༩༦༠ ལོར་སློབ་གྲྭ་དང་པོའི་ནང་ལོ་གཅིག་ལྷག་ཙམ་དབྱིན་བོད་ཛ་དྲག་སློབ་སྦྱོང་དང་༌། དེ་རྗེས་ལག་ནའུར་དགེ་རྒན་འོས་སྦྱོང་ཟླ་བ་དྲུག་དང་༌། རྡ་རམ་ས་ལར་ལས་བྱེད་སློབ་སྦྱོང་བཅས་གནང་། ༡༩༦༢ ལོར་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་གསར་འཛུགས་སྐབས་ཀྱི་གཞིས་འགོ་ལས་རོགས་དང༌་། དེ་རྗེས་གཞིས་འགོ་ངོ་མར་བསྐོ་གཞག་བསྩལ་དོན་ ༡༩༦༦ བར་ཕྱག་ལས་གནང་བ་དང༌་། ༡༩༦༧ ཟླ་ ༢ ཚེས་ ༢༥ ནས་ཨོ་རི་ས་གཞིས་འགོ་ལས་རོགས་དང་༌། ༡༩༧༠ ཟླ་ ༤ ཚེས་ ༡༥ ནས་ཨོ་རི་ས་མཉམ་སྦྲེལ་དྲུང་ཆེ་གནང་། ༡༩༧༤ ཟླ་ ༥ ནས་ ༡༩༧༥ ཟླ་ ༧ བར་ལས་བྱེད་བདག་གཉེར་ཁང་གི་འགན་འཛིན་དང༌་། ༡༩༧༥ ཟླ་ ༡༠ ནང་སྦིར་ནང་ཆེན་བཟོ་གཞིས་འགོ་འཛིན་གནང་༌། ༡༩༨༣ ལོར་ནང་སྲིད་དྲུང་ཆེ་ལས་ཚབ་ལ་བསྐོ་གཞག་བསྩལ་དོན་མཛད་འགན་ཞེས་མུས་ཐོག ༡༩༨༥ ཟླ་ ༢ ཚེས་ ༡ ནས་དྲུང་ཆེ་ངོ་མར་གནས་སྤར་དང་སྦྲགས་ནང་སྲིད་དྲུང་ཆེ་གནང་། ༡༩༩༠ ལོའི་ཟླ་ ༨ ཚེས་ ༧ ཉིན་བཀའ་དྲུང་གི་མཛད་ཁུར་བཞེས་པ་དང་། ༡༩༩༡ ཟླ་ ༩ ཚེས་ ༡༩ ཉིན་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་དུ་ཐད་བསྐོ་བསྩལ། ༡༩༩༦ ཟླ་ ༦ ཚེས་ ༤ ཉིན་བཀའ་བློན་དུ་འདེམས་ཐོན་དམ་འབུལ་གྱིས་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས།

ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ་བཞེས་ཤིང་། ༢༠༠༢ ལོའི་ཟླ་ ༣ ཚེས་ ༡༧ ཉིན་དགུང་ནའི་བབ་ཀྱིས་བགྲེས་ཡོལ་དུ་ཕེབས།