༄༅།།ཕྱི་ལོ་ ༡༩༤༧ ལོར་བོད་མདོ་ཁམས་ཏྲེ་ཧོར་གླིང་ཚང་དར་དགོན་རེ་མགོ་ཨ་མྱེ་ཚང་དུ་སྐུ་འཁྲུངས། ཕྱི་ལོ་ ༡༩༥༧ ལོར་དུས་ཟིང་གི་རྐྱེན་པས་ཕ་ཡུལ་ནས་གྲྭ་རྒྱུན་དུ་ཕེབས་མཁན་ཁག་ཅིག་དང་ལྷན་དུ་ལྷ་སར་ཕེབས་ནས་ལོ་གཉིས་མིན་ཙམ་བཞུགས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་བོད་ཡིག་ཟུར་སྦྱོང་དང༌་། བལ་ཡུལ་རྒྱལ་སའི་འཇོ་ལ་ཁེལ་བོད་མིའི་བཟོ་གཞིས་སློབ་གྲྭའི་ནང་སློབ་ཞུགས་གནང་ཞིང་། དེ་ནས་སེན་ཊི་ཛཱ་ཝེ་ཨར་དབྱིན་ཇིའི་སློབ་གྲྭར་གཞི་རིམ་སློབ་སྦྱོང་གི་གོ་སྐབས་ཐོབ་པ་དང་༌། དེ་རྗེས་རྒྱ་གར་ནང་ཕེབས་ནས་ཨེ་ཀན་ཌ་སློབ་གྲྭར་ལོ་གཉིས་དང་། ནྷེ་རུ་རྗེས་དྲན་ཐེབས་རྩའི་སློབ་གཉེར་ཁང་དུ་ལོ་གཅིག་བཅས་རྩིས་དྲུང་དང་༌། འཛིན་སྐྱོང་སྐོར་བསླབ་པ་མཐར་སོན། དེ་རྗེས་བལ་ཡུལ་དུ་ཕྱིར་ལོག་གནང་སྟེ་སུད་སི་གཞུང་གི་རོགས་རམ་མཐུན་འགྱུར་འོག་ཚོང་དང་༌། འཛིན་སྐྱོང་རིག་པར་ཟླ་གསུམ་གྱི་སྦྱོར་བརྡར་ཐེངས་གཉིས་གནང་རྗེས་སྤོག་ར་བཀྲ་ཤིས་གླིང་གི་མཉམ་འབྲེལ་འགན་འཛིན་དང་༌། ལག་ཤེས་བཟོ་གྲྭའི་འགན་འཛིན་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༧༣ བལ་ཡུལ་འཇོ་ལ་ཁེལ་བསམ་གླིང་གཞིས་ཆགས་ཀྱི་བཟོ་གཞིས་འགོ་འཛིན་ལས་རོགས་དང་༌། ཟླ་ཤས་རྗེས་ཤར་ཁུམ་བདེ་ལེགས་གླིང་གི་བཟོ་གཞིས་འགོ་འཛིན་ལས་རོགས་སུ་བསྐོ་གཞག་གནང་༌། ཕྱི་ལོ་ ༡༩༧༦ ཟླ་ ༥ ཚེས་ ༢༥ ཉིན་གཞུང་ཞབས་ངོ་མར་བསྐོ་གཞག་གནང་སྟེ་གནས་བརྒྱད་པའི་ཐོག་ཤར་ཁུམ་བདེ་ལེགས་གླིང་བཟོ་གཞིས་ཀྱི་འགོ་འཛིན་ལས་ཚབ་དང་༌། ཕྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༡ ཉིན་གནས་བདུན་པར་གནས་སྤར་གནང་སྟེ་བཟོ་གཞིས་འགོ་འཛིན་དུ་བསྐོ་གཞག་གནང་༌། ཕྱི་ལོ་ ༡༩༨༥ ལོར་རྒྱ་གར་ཌེ་ར་ཌུན་ར་སྤུར་བུད་མེད་མཉམ་ལས་ལག་ཤེས་བཟོ་གྲྭའི་འགོ་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ཉིན་ཟུང་འབྲེལ་དྲུང་ཆེར་གནས་སྤར་དང༌་། ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༢༡ ཉིན་བལ་ཡུལ་འཇོ་ལ་ཁེལ་བསམ་གླིང་བཟོ་གཞིས་འགན་འཛིན་དུ་བསྐོ་གཞག་གནང་།

ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༡༥ ཉིན་དྲུང་ཆེ་ལས་འཕར་དུ་གནས་སྤར་དང་འབྲེལ་རྒྱ་གར་ལྷོ་ཕྱོགས་མའེ་སོར་ལུགས་ཟུང་བསམ་གླིང་ས་གནས་འགོ་འཛིན་དུ་བསྐོ་གཞག་གནང་སྟེ་མཛད་འཁུར་བཞེས། ཕྱི་ལོ་ ༡༩༩༨ ཟླ་ ༡ ཚེས་ ༢༡ ཉིན་གནས་རང་འཇགས་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས་བསྐོ་གཞག་དང་༌། ཕྱི་ལོ་ ༡༩༩༩ ཟླ་ ༡ ཚེས་ ༡༦ ཉིན་དྲུང་ཡིག་ཆེན་མོར་གནས་སྤར་ཐོག་དཔལ་འབྱོར་དྲུང་ཆེའི་མཛད་འཁུར་མུ་མཐུད་བཞེས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༩ ཉིན་ནས་ཕྱི་ལོ་ ༢༠༠༤ ཟླ་ ༩ ཚེས་ ༡༥ བར་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་མཛད་ཁུར་བཞེས།

ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༤ ཉིན་ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ་གྱིས། ༢༠༠༩ ཟླ་ ༧ ཚེས་ ༢༦ ཉིན་བགྲེས་ཡོལ་སྔ་སྣུར་ཞུས།