༄༅། །ལ་དྭགས་བསོད་ནམས་གླིང་གླེ་ཁུལ་གྱི་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་བ།

དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་ཨ་རི་ DRL རོགས་དངུལ་མཐུན་འགྱུར་འོག་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༢ ཉིན་འགོ་འཛུགས་ཀྱིས་ལ་དྭགས་བསོད་ནམས་གླིང་གཞིས་གྲོང་ ༡ པོའི་སྤྱི་ཁང་ནང་གཞིས་གྲོང་དང་པོ་དང་གཉིས་པའི་མི་མང་དང་། ཚེས་ ༡༣ ཉིན་གཞིས་གྲོང་ ༡༡ པའི་སྤྱི་ཁང་ནང་གཞིས་གྲོང་གསུམ་པ་དང་བཅུ་གཅིག་གི་མི་མང་། ཚེས་ ༡༤ ཉིན་གཞིས་གྲོང་ ༤ པའི་སྤྱི་ཁང་ནང་གཞིས་གྲོང་བཞི་པ་དང་ལྔ་པའི་མི་མང་།

ཚེས་ ༡༥ ཉིན་གཞིས་གྲོང་ ༡༢ ཀྱི་སྤྱི་ཁང་ནང་གཞིས་གྲོང་བཅུ་པ་དང་བཅུ་གཉིས་ཀྱི་མི་མང་། ཚེས་ ༡༦ ཉིན་ཨཱག་གླིང་གཞིས་གྲོང་ ༦ པའི་སྤྱི་ཁང་ནང་གཞིས་གྲོང་དྲུག་པ་དང་བདུན་པའི་མི་མང་། ཚེས་ ༡༧ ཉིན་ཨཱག་གླིང་གཞིས་གྲོང་ ༨ པའི་སྤྱི་ཁང་ནང་གཞིས་གྲོང་བརྒྱད་པ་དང་དགུ་པའི་མི་མང་བཅས་ཁྱོན་བསྡོམས་མི་མང་ ༦༠༠ ལྷག་ཙམ་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་ལས་གཞི་སྤེལ་ཐུབ་པ་བྱུང་ཡོད།

ཁྲིམས་ལུགས་གོ་རྟོགས་ཀྱི་ལས་རིམ་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་ངོ་བོ། འགན་དབང་། གྲུབ་ཆ། སྒྲོམ་གཞི།  སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁྲོམས་ཁོངས་ཁྱབ་ཚད་དང་། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། གྱོད་ཡ། ཁ་མཆུ་ཞུ་གཏུག་གི་ཞུ་སྙན་དང་བརྡ་སྦྱོར། ཐོག་མའི་ཉན་ཞིབ། ཞིབ་གཅོད། བཅད་ཁྲ། གོང་ཞུ། བསྐྱར་བཅོས། བཟོ་བཅོས། དོགས་གཅོད། གཏན་འཇགས་དང་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་གྱི་ས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས།  སྐབས་མཚམས་སོ་སོར་དྭོགས་འདྲི་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་བཅས། །

 

Previous བྱང་ཕྱོགས་ས་ཁུལ་ཁག་ ༥ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་གྲུབ།